༄༅།། པཎ་ ཆེན་ ཨེར་ ཏེ་ ནི་ ཆོས་ ཀྱི་ རྒྱལ་ པོ་ མཆོག་ གིས་ ལྷ་ ལྡན་ གཙུག་ ལག་ ཁང་ དུ་ མཆོད་ མཇལ་ ལ་ ཕེབས་ པ་ དང་ དགེ་ འདུན་ པ་ རྣམས་ ལ་ ཕྱག་ དབང་ གནང་ བ།
 
2013-08-29       གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་ཟླ་8ཚེས་29ཉིན་གནས་ཚུལ་འབྱོར་གསལ།(གསར་འགོད་པ་སྤེན་པ་ཚེ་རིང)ཚེས་28ཉིན་གྱི་ཞོགས་པ། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ལྷ་ལྡན་གཙུག་ལག་ཁང་དུ་མཆོད་མཇལ་ལ་ཕེབས་ནས་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་ལ་ཞལ་མཇལ་ཞུས་གནང་བ་དང་ལྷ་ལྡན་གཙུག་ལག་ཁང་གི་དགེ་འདུན་དམངས་ལ་ཕྱག་དབང་གནང་ཡོད།

(XHDW)(1)班禅额尔德尼·确吉杰布前往大昭寺礼佛并为僧众摸顶赐福

    ཞོགས་པ་ཆུ་ཚོད་5པ་ཙམ་ལ་ལྷ་ལྡན་གཙུག་ལག་ཁང་དུ་དགེ་འདུན་པའི་སེར་སྦྲེངས་ཀྱིས་བརྗིད་ཉམས་དོད་པའི་ཆོས་ལུགས་ཀྱི་མཛད་སྒོ་ལྟར་ཕྱག་ནང་བདུག་སྤོས་བསྣམས་ནས་ལྷ་ལྡན་གཙུག་ལག་ཁང་གི་རྒྱལ་སྒོའི་ཕྱོགས་གཉིས་སུ་གྲལ་སྟར་བསྒྲིགས་ཏེ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ལ་ཕེབས་བསུ་ཞུས་གནང་བ་རེད། སྐབས་དེར་ལྷ་ས་གྲོང་ཁྱེར་གྱི་ལྟེ་བར་གནས་པའི་ལོ་ངོ་སྟོང་གི་གནའ་དགོན་ལྷ་ལྡན་གཙུག་ལག་ཁང་ནང་གློག་སྒྲོན་གསལ་ཞིང་མཆོད་མེའི་འོད་མདངས་བཀྲ་བ་དང་སྤོས་ཀྱི་དྲི་བཟང་ཕྱོགས་བཞིར་ཁྱབ་ཅིང་ཐང་བོད་དབོན་ཞང་རྡོ་རིང་འགྱིང་ངེར་གནས་ཡོད།

    ཞོགས་པའི་ཆུ་ཚོད་6པ་ཏག་ཏག་ལ་པཎ་ཆེན་རིན་པོ་ཆེ་མཆོག་དང་སྐུ་འཁོར་ལྷན་རྒྱས་ལྷ་ལྡན་གཙུག་ལག་ཁང་དུ་ཕེབས་འབྱོར་བྱུང་བ་དང་ཆབས་ཅིག་དུང་དང་རྒྱ་གླིང་གི་ཆོས་སྒྲ་ཕྱོགས་བཅུར་གྲགས།

    ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་བཞུགས་པའི་ཇོ་ཁང་ནི་བོད་བརྒྱུད་ནང་བསྟན་གྱི་དད་ལྡན་པ་ཚོའི་སེམས་དབུས་ཀྱི་ཁྱད་དུ་འཕགས་པའི་ལྷ་ཁང་ཞིག་ཡིན་པ་དང་། བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་གི་སྤྲུལ་སྐུ་དང་སྐྱེས་ཆེན་དམ་པ་རྣམས་ལྷ་སར་ཕེབས་འབྱོར་བྱུང་མ་ཐག་དེ་གར་ཞལ་མཇལ་ཞུ་བར་ཕེབས་ཀྱི་ཡོད།

    དགེ་འདུན་པའི་ཞལ་འདོན་གྱི་ཆོས་སྒྲའི་ཁྲོད། པཎ་ཆེན་རིན་པོ་ཆེ་མཆོག་གིས་ལྷ་ལྡན་གཙུག་ལག་ཁང་གི་ཐུགས་རྗེ་ལྷ་ཁང་དང་དགའ་ལྡན་ལྷ་ཁང་སོགས་ལ་ཞལ་མཇལ་ཞུས་གནང་བ་དང་། པཎ་ཆེན་རིན་པོ་ཆེ་མཆོག་གིས་ལྷ་ཁང་རེ་རེའི་ནང་ཕེབས་སྐབས་གསོལ་བ་སྨོན་ལམ་བཏབ་ནས་ཞལ་འདོན་གནང་བ་དང་སྦྲགས་སྐུ་བརྙན་དེ་དག་ལ་མཇལ་དར་བསྒྲོན་གནང་ཞིང་། རྒྱལ་བ་ཙོང་ཁ་པའི་སྐུ་བརྙན་ལ་ཞལ་མཇལ་ཞུ་སྐབས། པཎ་ཆེན་རིན་པོ་ཆེ་མཆོག་གིས་ཕྱག་ཟུང་ཐལ་མོ་སྦྱར་ནས་གསོལ་བ་སྨོན་ལམ་བཏབ་གནང་།

(XHDW)(3)班禅额尔德尼·确吉杰布前往大昭寺礼佛并为僧众摸顶赐福并为僧众摸顶赐福

    དེ་ནས་པཎ་ཆེན་རིན་པོ་མཆོག་གིས་ལྷ་ལྡན་གཙུག་ལག་ཁང་གི་ཇོ་ཁང་གི་མདུན་དུ་ཕེབས་པ་དང་། ཁོང་གིས་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་ལ་སྐུ་ཕྱག་ཕུལ་གནང་བ་མ་ཟད་དབུ་མཛད་ཀྱིས་ཞལ་འདོན་གནང་འགོ་བརྩམས་རྗེས་པཎ་ཆེན་རིན་པོ་མཆོག་གིས་ཞལ་འདོན་གནང་འགོ་ཚུགས། དེ་རྗེས། པཎ་ཆེན་རིན་པོ་ཆེ་མཆོག་གིས་ཕྱག་ནང་མཇལ་དར་བསྣམས་ནས་དལ་བུར་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་གྱི་མདུན་དུ་ཕེབས་གནང་བ་དང་ཕྱག་ཟུང་ཐལ་མོ་སྦྱར་ནས་གསོལ་བ་སྨོན་ལམ་བཏབ་གནང་ཞིང་ཇོ་བོའི་སྐུ་བརྙན་ལ་མཇལ་དར་བསྒྲོན་གནང་བ་རེད།

    ཞལ་མཇལ་ཞུས་རྗེས་། པཎ་ཆེན་རིན་པོ་ཆེ་མཆོག་གིས་ཇོ་ཁང་མདུན་དུ་ཡོད་པའི་གསེར་ཁྲིའི་ཐོག་བཞུགས་ནས་ཞལ་འདོན་གནང་འགོ་ཚུགས་ཏེ། ལོ་ཕྱུགས་རྟག་ཏུ་ལེགས་པ་དང་རྒྱལ་དར་དམངས་བདེ་ཡོང་བ། འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་བདེ་སྐྱིད་ཡོང་བའི་གསོལ་བ་སྨོན་ལམ་བཏབ་གནང་ཡོད། སྐབས་དེར་ལྷ་ལྡན་གཙུག་ལག་ཁང་གི་ཚོམས་ཆེན་འདུ་ཁང་ནང་དགེ་འདུན་པ་བརྒྱ་ལྷག་གིས་ཞལ་འདོན་གནང་བ་དང་བརྗིད་ཉམས་ཆེ་བའི་གསུང་སྒྲས་ཁེངས་པར་བྱས།

    ཆུ་ཚོད་ཕྱེད་ཀ་ལྷག་ཙམ་གྱི་ཞལ་འདོན་མཇུག་འགྲིལ་རྗེས་པཎ་ཆེན་རིན་པོ་ཆེ་མཆོག་གིས་ལྷ་ལྡན་གཙུག་ལག་ཁང་གི་དགེ་འདུན་པ་ཚོར་ཕྱག་དབང་གནང་བ་མ་ཟད་སྐུ་འགྱེད་གནང་ཡོད། དེ་ནས་དགེ་འདུན་པ་ཚོའི་ཞལ་འདོན་གནང་བའི་སྒྲའི་ཁྲོད། པཎ་ཆེན་རིན་པོ་ཆེ་མཆོག་ལྷ་ལྡན་གཙུག་ལག་ཁང་ནས་དལ་བུར་ཆིབས་སྒྱུར་གནང་། དེ་དུས་ལྷ་སའི་མཁའ་དབྱིངས་རིམ་གྱིས་གསལ་བར་གྱུར་ནས་སྐྱ་མདའ་གཏོང་འགོ་ཚུགས།

(XHDW)(4)班禅额尔德尼·确吉杰布前往大昭寺礼佛并为僧众摸顶赐福

    པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་དང་སྐུ་འཁོར་རྣམས་ཚེས་27ཉིན་ལྷ་སར་ཕེབས་འབྱོར་ཟིན་ཡོད། ལྷ་ལྡན་གཙུག་ལག་ཁང་ལ་མཆོད་མཇལ་དུ་ཕེབས་པ་དེ་ནི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་བོད་ལ་ཕེབས་རྗེས་ཆོས་ཕྱོགས་ཀྱི་མཛད་སྒོ་སྣ་ཚོགས་སྤེལ་འགོ་ཚུགས་པ་ཞིག་ཡིན་པ་དང་ད་ཐེངས་པཎ་ཆེན་རིན་པོ་ཆེ་མཆོག་གིས་ལྷ་སར་ཆོས་ཕྱོགས་ཀྱི་མཛད་སྒོ་རབ་དང་རིམ་པ་སྤེལ་གནང་རྒྱུ་ཡིན་པ་རེད།     

མཛའ་འབྲེལ་དྲ་བ།
010020070840000000000000011100001326733381