༄༅།། ཡུལ་ སྐོར་ ལས་ རིགས་ འཁྲུག་ ཏུ་ ཕྱིན་ པ་ དེས་ བོད་ གྲིའི་ བཟོ་ རྩལ་ རྒྱུན་ འཛིན་ བྱ་ རྒྱུར་ སྐུལ་ འདེད་ ཐུབ་ པ།
 
2013-09-05       གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་ཟླ་9ཚེས་5ཉིན་གནས་ཚུལ་འབྱོར་གསལ།(གསར་འགོད་པ་ལི་ཧྭ་ལིང་དང་ཝང་ཡུན་ཅཱ་)སྲོལ་རྒྱུན་གྱི“ལྷ་རྩེའི་བོད་གྲི”རྣོ་བ་དང་བཟོ་བཀོད་ཞིབ་ཚགས་ལ་མཛེས་པོ་ཡོད་པས་མིང་གྲགས་ཕྱོགས་བཞིར་ཁྱབ་ཡོད། ད་ཆ་ལྷ་རྩེའི་བོད་གྲི་དེ་ནི་བོད་གྲི་རིགས་མང་པོའི་ཁྲོད་ཀྱི་གྲགས་ཅན་ཚོང་རྟགས་སུ་གྱུར་བ་དང་འཁྲུག་ཏུ་འགྲོ་བའི་ཡུལ་སྐོར་ལས་རིགས་ཀྱི་སྐུལ་ཁྲིད་འོག་དེ་བས་འཕེལ་རྒྱས་འགྲོ་བཞིན་ཡོད།

    2008ལོར་བོད་ལྗོངས་གཞིས་རྩེ་ས་ཁུལ་ལྷ་རྩེ་རྫོང་གི་བོད་ཀྱི་ལྕགས་རིགས་རྡུང་བཟོའི་ལག་རྩལ (བོད་གྲི་རྡུང་བཟོའི་ལག་རྩལ)དེ་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་སྐབས་གཉིས་པའི་མིང་གཞུང་ནང་བཅུག་ཡོད། ཉེ་དུས། གསར་འགོད་པས“ལྷ་རྩེའི་བོད་གྲིའི”ཕ་ཡུལ་དུ་བསྐྱོད་པ་ཡིན། ལྷ་རྩེ་རྫོང་གི་བོད་གྲིའི་ལག་ཤེས་བཟོ་རྩལ་ཁང་ཞིག་ནང་ལོ་ཉི་ཤུ་ལྷག་ཙམ་ལ་སླེབས་པའི་ཚེ་བརྟན་བཀྲ་ཤིས་ཀྱིས་གྲི་ཤུབས་ཐོག་མཛེས་རྒྱན་སྤྲོས་ཤིང་འདུག ཚེ་བརྟན་བཀྲ་ཤིས་ཀྱིས། བོད་གྲིའི་གྲི་དངོ་ནི་གཙོ་བོ་བེད་སྤྱོད་བྱེད་ཡས་ཡིན་པ་དང་གྲི་ཤུབས་ནི་གཙོ་བོ་མཛེས་པོ་ཡོང་ཆེད་རེད། གྲི་ཤུབས་ལ་ཀོ་བ་གཡོགས་པ་དང་མཇུག་ཏུ་ད་དུང་མེ་ཏོག་གི་རི་མོའི་ཚགས་བརྒྱབ་རྗེས་དེ་སྟེང་སླར་ཡང་རིན་པོ་ཆེའི་རིགས་ཀྱིས་བརྒྱན་དགོས་ཞེས་ངོ་སྤྲོད་བྱས།

    ངོ་སྤྲོད་བྱས་པར་གཞིགས་ན། རིང་ཚད་ལ་ལི་སྨི་17ཡོད་པའི་བོད་གྲི་རྡུང་བཟོ་བྱེད་སྐབས་ཉིན་མ་གཅིག་གི་དུས་ཚོད་སྤྱད་དགོས་པ་དང་ལི་སྨི་30ཡོད་པའི་བོད་གྲི་རྡུང་བཟོ་བྱེད་སྐབས་ཉིན་མ་ལྔ་དགོས་ཀྱི་ཡོད། ཉིན་ལྟར་ཞོགས་པ་ཆུ་ཚོད་8པ་ནས་ཕྱི་དྲོའི་ཆུ་ཚོད་5པ་བར། ཚེ་བརྟན་བཀྲ་ཤིས་ཀྱིས་ཁང་པའི་སྒོ་ནས་མ་ཐོན་པར་ལས་ཀ་བྱས་ཏེ་བསྡད་ཀྱི་ཡོད། མེ་ཏོག་གི་རི་མོ་བརྐོ་བ་དེ་ནི་བོད་གྲི་རྔུང་བཟོ་བྱེད་པའི་བརྒྱུད་རིམ་ཁྲོད་དུས་ཚོད་མང་ཤོས་བེད་སྤྱོད་བྱེད་དགོས་པའི་ལས་ཀའི་གོ་རིམ་ཞིག་ཡིན་པ་དང་། ལི་སྨི་18ཡོད་པའི་གྲི་ཤུབས་ཀྱི་ངོས་གཅིག་ཁོ་ནར་བློ་རྩེ་གཅིག་སྒྲིམ་གྱིས་རི་མོ་བརྐོས་ཚར་བ་བྱེད་པར་ཆུ་ཚོད་2སྤྱད་དགོས་ཀྱི་ཡོད།

    ཁོང་གིས་གསར་འགོད་པར། བོད་གྲི་དངོས་གནས་དེ་རྣམས་ནི་བཟོ་རྩལ་པས་ལག་བཟོར་བརྟེན་ནས་རྡུང་བཟོ་བྱེད་དགོས་པ་དང་ལོ་ལྟར་མི་མང་པོས་ང་རང་བཙལ་ནས་བོད་གྲི་འཚོང་རོགས་ཟེར་གྱི་འདུག་ཅེས་བརྗོད།

    བོད་ལྗོངས་གཞིས་རྩེ་ས་ཁུལ་ལྷ་རྩེ་རྫོང་གི་རྫོང་དཔོན་དངོས་གྲུབ་ནོར་བུས། དེང་གི་ཆར་ལྷ་རྩེའི་བོད་གྲིའི་ཚོང་རྟགས་དངོས་སུ་ཐོ་འགོད་བྱས་ཟིན་པ་དང་མཉམ་ལས་ཁང་ཡང་བཙུགས་ཡོད། བོད་གྲིའི་བཟོ་རྩལ་པ་རྒན་གྲས་ཁག་གཅིག་གིས་མཉམ་ལས་ཁང་ནང་བོད་གྲི་བཟོ་བ་མ་ཟད། ད་དུང་ཕྱི་ལོགས་ནས་སློབ་མ་བསྡུ་འགོ་ཚུགས་ཡོད། དུས་མཚུངས། དེང་རབས་ཀྱི་འཕྲུལ་ཆས་ཅན་གྱི་ཐོན་སྐྱེད་དང་ཟུང་འབྲེལ་བྱས་ནས་ཁྲོམ་རར་ཁ་ཕྱོགས་ཏེ་ལྷ་རྩེའི་བོད་གྲིའི་ཁྱད་ཆོས་ཡོད་པ་དང་ཁྲོམ་རའི་དགོས་མཁོར་མཐུན་པའི་བོད་གྲིའི་རིགས་བཟོ་བ་དང་། མི་སྔར་བས་མང་བས་ལྷ་རྩེའི་བོད་གྲི་ངོ་མ་ཉོ་ཐུབ་པ་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས། གནས་ཚུལ་ཤེས་རྟོགས་བྱས་པར་གཞིགས་ན ། ལྷ་རྩེའི་བོད་གྲི་ཆེད་ཚོང་ཁང་གི་བྲིན་ཚོང་མ་དངུལ་དེ་འདི་ལོ་སྒོར་ཁྲི་སྟོང་ལས་བརྒལ་ཡིན་པ་རེད།

    ལྷ་སའི་བར་སྐོར་ཁྲོམ་ཟུར་གྱི་གནའ་རྫས་ཚོང་སའི་ཁྲོམ་རའི་ཐོག་ཀྲེ་ཅང་གི་ཡུལ་སྐོར་བ་ཧོང་ལུང་གིས་ནང་མི་འཁྲིད་ནས་བོད་གྲི་ཉོ་བར་སླེབས་ཡོད། ཁོང་གིས་གསར་འགོད་པར“ལྷ་རྩེའི་བོད་གྲི་སྐད་གྲགས་ཆེན་པོ་ཡོད་པས། རང་ཉིད་ཀྱིས་ངོ་ཤེས་པའི་བོད་རིགས་གྲོགས་པོ་ཚང་མས་ལྷ་རྩེའི་གྲི་ཉོ་དགོས་ལུགས་བརྗོད་ཀྱི་འདུག། དེར་བརྟེན་ངས་བོད་གྲི་འགའ་ཤས་ཉོས་ནས་ཉར་ཚགས་བྱ་རྒྱུ་ཡིན”ཞེས་བརྗོད།

    ཞིང་བྲེལ་ཆེ་བའི་དུས་ཚོད་ཕུད། ཚེ་བརྟན་གྱིས་བོད་གྲི་བཟོ་བའི་དུས་ཚོད་ཟླ་བ་དགུ་ལས་མི་བརྒལ་བ་དང་། ཟླ་བ་དགུ་ཡང་མི་ཟིན་པའི་དུས་ཚོད་ནང་བོད་གྲི་བྲིན་ཚོང་མང་པོ་བྱེད་ཐུབ་པ་དེས་ཚེ་བརྟན་ལ་ཉུང་ཤོས་ལའང་སྒོར་ཁྲི་བཅུ་ལྷག་ཙམ་དང་མང་ཤོས་ལ་སྒོར་ཁྲི་ཉི་ཤུ་ནས་སུམ་ཅུའི་བར་གྱི་ཡོང་འབབ་ཡོང་གི་ཡོད། “དགའ་པོ་བྱེད་མཁན་ཇེ་མང་དུ་ཕྱིན་པས་ང་ཚོ་ལག་ཤེས་བཟོ་རྩལ་པའི་ངོས་ནས་བརྗོད་ན་སྐུལ་མ་ཞིག་ཡིན་ལ། གཞོན་ནུ་སྔར་བས་མང་བས་གནའ་བོའི་བཟོ་རྩལ་དེ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་དཔུང་ཁག་ནང་ཞུགས་རྒྱུར་ཡིད་འགུགས་ཀྱང་བྱས་ཡོད་”ཅེས་ཚེ་བརྟན་གྱིས་བརྗོད། 

མཛའ་འབྲེལ་དྲ་བ།
010020070840000000000000011100001326945341