༄༅།། ཁྲེན་ ཆོན་ གོས་ གྲོགས་ པོ་ དགེ་ འདུན་ པ་ རང་ ཉིད་ ཀྱི་ གཟིམ་ ཁང་ དུ་ སྐུ་ མགྲོན་ དུ་ གདན་ དྲངས་ པ།
 
2013-12-04       གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

    “དགེ་འདུན་པ་ལྷན་རྒྱས་ལ་དགའ་བསུ་ཞུ”ཞེས་ཟླ་12ཚེས་1ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་རང་ཉིད་ཀྱི་གཟིམ་ཁང་གི་སྒོ་རྩར་དམིགས་བསལ་གྱི་སྐུ་མགྲོན་6སྟེ་ལྷ་ས་གྲོང་ཁྱེར་གྱི་དགོན་སྡེ་6ནས་ཕེབས་པའི་གྲོགས་པོ་དགེ་འདུན་པར་སྣེ་ལེན་ཞུས་གནང་བ་རེད།

    དགེ་འདུན་པ་དེ་དག་ནི་ཁྲེན་ཆོན་གོས་ལས་དོན་ལ་བརྟག་ཞིབ་གནང་སྐབས་ངོ་ཤེས་ནས་རིམ་གྱིས་རྒྱུས་མངའ་བྱུང་སྟེ་གྲོགས་པོ་ཡག་པོར་གྱུར་པ་ཞིག་ཡིན་པ་དང་། གྲོགས་པོ་རྙིང་པ་འཕྲད་སྐབས་ལྷག་པར་སྤྲོ་བ་འཕེལ་ཞིང་། ཁྲེན་ཆོན་གོས་རང་འགུལ་ངང་མདུན་དུ་ཕེབས་ཏེ་ཁོང་རྣམ་པ་དང་མཇལ་དར་འབུལ་རེས་གནང་བ་དང་འབྲེལ་སྨོན་འདུན་བཟང་པོ་ཞུས། དགེ་འདུན་པ་ཚོ་ཁྲེན་ཆོན་གོའི་གཟིམ་ཁང་གི་སྒོ་རའི་ནང་ཕེབས་སྐབས་ཁྲེན་ཆོན་གོས་སེམས་རྩ་འཁོལ་པོས“ཁྱེད་རྣམ་པ་ངའི་ཁྱིམ་དུ་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན”ཞེས་གསུངས་ནས་སྣེ་ལེན་ཞུས།

    བབ་ཆགས་པའི་ཚོམས་ཆེན་ནང་ཁྲེན་ཆོན་གོས་གྲོགས་པོ་དགེ་འདུན་པ་6པོ་དང་ལྷན་དུ་བཞུགས་ཏེ་བྱམས་བརྩེའི་ངང་བཀའ་མོལ་གནང་ཞིང་། “དེ་སྔ་ངས་དགོན་སྡེར་བརྟག་ཞིབ་བྱེད་སྐབས་ཁྱེད་རྣམ་པས་ང་ལ་དགོན་སྡེའི་གནས་ཚུལ་ངོ་སྤྲོད་བྱས་པ་མ་ཟད། ད་དུང་ང་ཁྱེད་རྣམ་པའི་ཤག་ཏུ་ཐེངས་མང་གདན་དྲངས་བྱུང་།

    དེ་རིང་ངས་ཀྱང་ཁྱེད་རྣམ་ནང་དུ་གདན་དྲངས་ནས་ཇ་འཐུང་ཞོར་དུ་སེམས་ནང་གི་སྐད་ཆ་ཤོད་རེས་བྱ་རྒྱུ་ཡིན”ཞེས་འཛུམ་དམུལ་ཞིང་། སེམས་རྩ་འཁོལ་པོས་གསུངས་རྗེས་ཁོང་རྣམ་པའི་འཚབ་སྣང་དལ་གྱིས་འཇགས་པར་གྱུར།

    “ང་ཚོ་ནི་ཏང་ཨུད་ཧྲུའུ་ཅིའི་གཟིམ་ཁང་དུ་ཡོང་ཐེངས་དང་པོ་ཡིན་པས་སེམས་ནང་ལྷག་པར་ཐུགས་འགུལ་ཐེབས་པ་དང་བྱམས་བརྩེ་རབ་ཏུ་ཚོར་ནས་ཁྱེད་ཀྱི་ཐུག་དང་ང་ཚོའི་སེམས་པ་དམ་པོར་འབྲེལ་བའི་ཚོར་སྣང་བྱུང་། ཁ་སང་དགོན་སྡེའི་ནང་གི་དགེ་འདུན་པ་ཚོས་གནས་ཚུལ་དེ་ཐོས་སྐབས་ཧ་ཅང་དགའ་པོ་བྱུང་ནས་ཚང་མས་ཧྲུའུ་ཅིས་ང་ཚོ་གྲོགས་པོ་ངོ་མར་བརྩི་གི་ཡོད་ཅེས་བརྗོད་ཀྱི་འདུག”ཅེས་དགའ་ལྡན་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་བསོད་ནམས་ཕུན་ཚོགས་ཀྱིས་སེམས་འགུལ་ཐེབས་པའི་ངང་ཞུས།

    ཁྲེན་ཆོན་གོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་འོག་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”གལ་ཆེའི་འཐབ་ཇུས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་པོ་བྱེད་པ་དང་འབྲེལ་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི“ཁྲིམས་ལྟར་བོད་སྐྱོང་བ་དང་ཡུན་རིང་བོད་འཛུགས་སྐྲུན་བྱེད་དགོས་པའི”མཛུབ་སྟོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོ གས་མྱུར་འཕེལ་རྒྱས་བྱུང་བ་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བྱུང་བ། སྣོད་བཅུད་ཁོར་ཡུག་ཇེ་ཡག་ཇེ་ལེགས་སུ་ཕྱིན་ཡོད། དེ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་མཐུན་སྒྲིལ་འབད་འཐབ་ཀྱི་འབྲས་བུ་ཡིན་ལ་ཁྱེད་རྣམ་པ་ཚུད་པའི་ལྗོངས་ཡོངས་ཀྱི་རྒྱ་ཆེའི་གྲྭ་བཙུན་ཚོས་ལེགས་སྐྱེས་ཧུར་ཐག་ཕུལ་བ་དང་ཡང་ཁ་འབྲལ་ཐབས་མེད། འདོད་མཐུན་བྱུང་ན་གཞི་ནས་སེམས་པ་གཅིག་མཐུན་ཡོང་ཐུབ། ང་ཚོའི་འདུན་པ་ནི་གཅིག་པ་ཡིན་པ་སྟེ། ཚང་མས་བོད་ལྗོངས་དར་རྒྱས་བརྟན་ལྷིང་དང་མི་དམངས་བདེ་སྐྱིད་ཡོང་རེ་བྱེད་པ་དེ་ཡིན་པར་བརྟེན་གྲོགས་པོ་ཡག་པོ་ཞིག་ཏུ་འགྱུར་ངེས་ཡིན་ཞེས་གསུངས།

    སེ་ར་དགོན་པའི་ཕུར་བུ་ཚེ་རིང་ནི་ཁྲེན་ཆོན་གོ་བོད་དུ་ཕྱག་ལས་གནང་བར་ཕེབས་རྗེས་ཡུན་རིང་མ་སོང་བར་ངོ་ཤེས་པའི་གྲོགས་པོ་དགེ་འདུན་པ་ཞིག་ཡིན། ཁོང་གིས་ད་ལམ་ལོ་གཉིས་ལྷག་ཙམ་གྱི་ནང་རང་སྐྱོང་ལྗོངས་ཀྱིས“གཅིག་དྲུག”དང་། “ཡོད་པ་དགུ”“ཁྱབ་པ་གཅིག”སོགས་དགོན་སྡེ་དང་གྲྭ་བཙུན་ལ་ཕན་པའི་སྲིད་ཇུས་བཟང་པོ་ལག་བསྟར་གནང་བར་བརྟེན་དགོན་པ་དེ་ཡོངས་ཀྱི་དགེ་འདུན་པ་ཚོས་སེམས་གཏིང་ནས་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་ཡི་ཡོད།

    འདི་ལོ་ང་ཚོ་སེ་ར་དགོན་འདི་ཉིད་ལྷ་ས་གྲོང་ཁྱེར་གྱི་ཞི་མཐུན་དཔེ་བཟང་དགོན་སྡེར་བདམས་པས་ཚང་མས་སྔར་བས་འབད་བརྩོན་བྱས་ནས་རང་སྐྱོང་ལྗོངས་རིམ་པའི་ཞི་མཐུན་དཔེ་བཟང་གི་དགོན་སྡེར་འདེམས་ཐུབ་པའི་བརྩོན་ལེན་བྱེད་ཀྱི་ཡིན་ཞེས་ཞུས་པ་རེད།

    ཁྲེན་ཆོན་གོས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གསུངས་པ་ཇི་བཞིན་མེས་རྒྱལ་དང་མི་རིགས་ཡག་པོ་བྱུང་ཚེ་གཞི་ནས་ཚང་མ་ཡག་པོ་ཡོང་ཐུབ། ཀྲུང་གོའི་ཕུགས་འདུན་དེ་ཀྲུང་གོ་བ་ཚང་མའི་ཕུགས་འདུན་ཡིན་པས་ང་ཚོ་ཚང་མས་དེའི་ཐད་འབད་འཐབ་ཧུར་ཐག་བྱས་ཚེ་གཞི་ནས་འགྲུབ་ཐུབ་པ་ཞིག་རེད།མེས་རྒྱལ་གཅིག་གྱུར་སྟོབས་ཆེན་དང་བོད་ལྗོངས་འཕེལ་རྒྱས་བརྟན་ལྷིང་བྱུང་ཚེ་མི་རིགས་ཁག་གི་མང་ཚོགས་རྣམས་ལ་གཞི་ནས་སྔར་བས་བདེ་སྐྱིད་འཚོ་བ་སྐྱེལ་རྒྱུ་ཡོང་སྲིད་ལ་བོད་བརྒྱུད་ནང་བསྟན་ལའང་སྔར་བས་འོད་སྟོང་འཕྲོ་བའི་མདུན་ལམ་ཡང་ཡོང་སྲིད།རྒྱ་ཆེའི་གྲྭ་བཙུན་ཚོས་ཞི་མཐུན་བརྟན་ལྷིང་གི་དུས་བབ་བཟང་པོར་གཅེས་སྤྲས་བྱས་ནས་རྒྱལ་གཅེས་ཆོས་གཅེས་དང་། ཡིད་རྣལ་དུ་ཕབ་ནས་ཉམས་ལེན། སྒྲིག་བཀུར་ཁྲིམས་སྲུང་། ཡོན་ཚད་མཐོར་གཏོང་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཡོང་ཕྱིར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།

    “ཧྲུའུ་ཅི་ཁྲེན་ལགས་ཐུགས་བློ་བདེ་པོ་གནང་རོགས། ང་ཚོ་འབྲས་སྤུངས་དགོན་ད་ཆ་ཧ་ཅང་ཞི་མཐུན་ཡོད། གྲྭ་དམངས་ཚོས་ཏང་དང་སྲིད་གཞུང་གི་བཀའ་དྲིན་སེམས་གཏིང་ནས་ཚོར་གྱི་ཡོད”ཅེས་འགྲམ་དུ་ཡོད་པའི་འབྲས་སྤུངས་དགོན་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ངག་དབང་སྟོབས་འབྱོར་གྱིས་ཞུས་པ་རེད།

    ཁྲེན་ཆོན་གོས་ངག་དབང་སྟོབས་འབྱོར་ལ“ཉིད་ཀྱིས་ངའི་ཚབ་བྱས་ནས་ཚང་མར་འཚམས་འདྲི་ཞུ་རོགས།དགེ་ལུགས་པའི་དགོན་པ་ཆེ་ཤོས་ཡིན་པའི་འབྲས་སྤུངས་ཀྱིས་འབོད་སྐུལ་བྱེད་ཤུགས་དང་ཤུགས་རྐྱེན་ཐེབས་ཤུགས་འདོན་སྤེལ་གང་ལེགས་བྱས་ནས་མེས་རྒྱལ་གཅིག་གྱུར་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་བོད་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་མ་གཏོང་བ་དང་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་མ་གཏོང་བའི་མིག་དཔེ་དང་སྣེ་འཁྲིད་པ་བྱ་རྒྱུའི་རེ་བ་ཡོད”ཅེས་གསུངས་པ་རེད།

    ར་མོ་ཆེ་གཙུག་ལག་ཁང་གི་དགེ་འདུན་པ་འཇམ་དབྱངས་ཀྱིས་ཁྲེན་ཆོན་གོར་ན་ནིང་སྐུ་ཉིད་ང་ཚོའི་དགོན་པར་ཕེབས་ནས་ང་ཚོར་གཟེངས་བསྟོད་རྟགས་མ་དང་བྱ་དགའི་དངུལ་གནང་བས་དགོན་པའི་གོང་འོག་ཚང་མར་སྐུལ་མ་ཆེན་པོ་ཐེབས་སོང་། འདི་ལོ་གྲྭ་བཙུན་་གསབ་སྣོན་གྱི་སྲིད་ཇུས་དོན་འཁྱོལ་བྱུང་བ་དང་གསར་དུ་བསྣན་པའི་གྲྭ་པ་ཚོ་ནང་བསྟན་སློབ་གླིང་དུ་སློབ་སྦྱོང་དང་གསོ་སྦྱོང་བྱེད་བཞིན་ཡོད་པས་གྲྭ་དམངས་ཚང་མས་བརྩི་བཀུར་ཆེན་པོ་ཞུ་བ་མ་ཟད་སྲིད་ཇུས་དེ་བཏོན་པར་ཐུགས་རྗེ་ཆེ་ཞུས་ཁར་ད་ཆ་ང་ཚོ་ར་མོ་ཆེ་གཙུག་ལག་ཁང་དུ་རྒྱལ་བསྟན་ལམ་ལྷོངས་དང་ཞི་མཐུན་བརྟན་ལྷིང་ཡོད་ཅེས་ཞུས་པ་རེད།

    ཁྲེན་ཆོན་གོས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པར་གྲྭ་བཙུན་ཚོའི་ཆོས་དད་རང་མོས་ལ་གཞི་ནས་འགན་ལེན་ཡག་ཤོས་བྱུང་བ་མ་ཟད། ཁྲིམས་མཐུན་ཁེ་དབང་ལའང་གཞི་ནས་སྲུང་སྐྱོང་ནུས་ལྡན་ཐུབ་པ་དེ་རྩོད་ཐབས་བྲལ་བའི་དོན་དངོས་ཐོག་ནས་ར་འཕྲོད་བྱུང་ཡོད། ཁྱེད་ཚོས་ཡང་འབད་བསྐྱར་འབད་བྱས་ནས་ཞི་མཐུན་དཔེ་བཟང་གི་དགོན་སྡེ་མུ་མཐུད་གཏོད་པ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་བརྩོན་ལེན་བྱ་རྒྱུའི་རེ་བ་ཡོད། སྐབས་དེ་དུས་ངས་ད་དུང་ཁྱེད་ཚོར་བྱ་དགའ་ཕུལ་ཆོག་ཅེས་གསུངས་པ་རེད།

    མཚུར་ཕུ་དགོན་པའི་དགེ་འདུན་པ་བདེ་ཆེན་རབ་བརྟན་ལོ་79ཡིན་པ་དང་ཁོང་གིས་མྱོང་ཚོར་ཟབ་མོའི་སྒོ་ནས་གྲྭ་པ་རྒན་གྲས་ཤིག་ཡིན་པའི་ངོས་ནས་ད་ཆ་ཟླ་བ་ཚང་མར་རྒན་གསོའི་དངུལ་ལེན་རྒྱུ་ཡོད་པ་མ་ཟད་ན་ཚ་བལྟ་དུས་འགྲོ་སོང་རྩིས་ཞུ་བྱེད་ཐུབ་པས་ང་ཚོར་ཡང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་བྱུང་ནས་རྒས་ཀྱང་སེམས་ཁྲལ་མེད་པར་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ལེགས་སུ་འགྲོ་ཡི་འདུག་ཅེས་ཞུས་པ་རེད།

    ཁྲེན་ཆོན་གོས་བདེ་ཆེན་རབ་བརྟན་ཚེ་རིང་ནད་མེད་ཡོང་བའི་སྨོན་འདུན་ཞུས་གནང་བ་དང་ཁོང་ལ“སྐུ་ཉིད་ཚེ་རིང་པོ་ཡོང་བ་བྱས་ནས་་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པའི་བོད་ལྗོངས་གསར་པར་བལྟ་ཙམ་དང་ཉིན་རེ་བཞིན་བདེ་སྐྱིད་འཚོ་བ་ལོངས་སུ་སྤྱོད་ཐུབ་རྒྱུའི་རེ་བ་ཡོད”ཅེས་གསུངས་ཤིང་། ཁོང་གིས་ལོ་གཉིས་ལྷག་ཙམ་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པའི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཏོན་པས་རྒྱ་ཆེའི་གྲྭ་བཙུན་ཚོའི་དགའ་བསུ་དང་བརྩི་བཀུར་ཐོབ་ཡོད། ང་ཚོས་སྲིད་ཇུས་དང་བྱ་ཐབས་དེ་དག་རྒྱུན་སྲིང་ལྷོད་མེད་ངང་ཡུན་རིང་མཐའ་འཁྱོངས་བྱས་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་གྲྭ་བཙུན་ཚོར་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཚོར་བ་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཚོར་བ་བྱེད་དགོས་ཞེས་གསུངས་པ་རེད།

    ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་ལྷག་པས་ཁྲེན་ཆོན་གོར་ད་ཆ་མཆོད་མཇལ་དུ་ཡོང་མཁན་དད་ལྡན་པ་ཧ་ཅང་མང་པོ་ཡོད་པས་ཚང་མས་ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་ལ་ཐུགས་རྗེ་ཆེ་ཞུ་ཡི་འདུགང་ཚོ་གྲྭ་པ་ཚོར་ཡང་ཁོང་ཚོ་དང་འདྲ་བར་མིག་མཐོང་ལག་ཟིན་ཐུབ་པའི་དངོས་ཕན་དུ་མ་ཐོབ་ཡོད། སྲིད་ཇུས་བཟང་པོ་དེ་དག་དྲོ་སྐྱིད་ལྡན་པའི་ཉི་འོད་དང་འདྲ་བར་ང་ཚོའི་སེམས་དབུས་སུ་ཚ་སོབ་སོབ་ངང་འཕྲོས་བྱུང་ཞེས་ཞུས་པ་རེད།

    ཁྲེན་ཆོན་གོས་བརྩེ་བ་ཟབ་མོའི་སྒོ་ནས་དོན་དངོས་ཐོག་ཆོས་ལུགས་ལས་རིགས་ཀྱི་གྲོགས་པོ་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ནི་ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་བསྐྲུན་པའི་དགེ་མཚན་ལྡན་པའི་སྟོབས་ཤུགས་ཤིག་ཡིན་པའི་ར་འཕྲོད་གང་ལེགས་བྱུང་ཡོད།ང་ཚོས་རྒྱ་ཆེའི་གྲྭ་དམངས་ཚོ་སྤྱི་དམངས་དང་། གཉེན་ཉེ། གྲོགས་པོ་བཅས་སུ་དངོས་འབྲེལ་བརྩིས་ཏེ་བརྩེ་བ་ཟབ་མོ་དང་ལྷག་བསམ་ལ་བརྟེན་ནས་ཁོང་ཚོར་མཐུན་སྒྲིལ་བྱེད་པ་དང་། ཁོང་ཚོར་བརྩི་འཇོག་བྱེད་པ། ཁོང་ཚོར་དགའ་གཅེས་བྱེད་པ་བཅས་ཀྱི་ཐོག་ནས་ཁོང་ཚོའི་དངོས་ཡོད་དཀའ་ངལ་ཐག་གཅོད་དང་ཉམས་ལེན་གྱི་ཆ་རྐྱེན་ལེགས་སུ་གཏོང་དགོས། རྒྱ་ཆེའི་གྲྭ་བཙུན་ཚོས་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་དད་ལྡན་མང་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་དེ་ཐོན་སྐྱེད་གོང་སྤེལ་དང་། ལས་བརྩོན་ཕྱུག་འགྱུར། འཚོ་བའི་ཆ་རྐྱེན་ལེགས་བཅོས། འཚོ་བའི་ཆུ་ཚད་མཐོར་གཏོང་བཅས་ཡོང་བར་སྣེ་ཁྲིད་བྱས་ནས་ཆོས་ལུགས་ཀྱིས་རྒྱལ་ཁབ་གོང་འཕེལ་དར་རྒྱས་ཡོང་བ་དང་དད་ལྡན་མང་ཚོགས་ཀྱི་དངོས་པོ་དང་བསམ་པའི་འཚོ་བ་ལེགས་སུ་འགྲོ་རྒྱུར་སྔར་བས་ཕན་ཐོགས་ཡོང་བ་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཕྱིར་སྟོབས་ཤུགས་ལེགས་སྐྱེས་སུ་ཧུར་ཐག་འབུལ་རྒྱུའི་ཐུགས་རེ་གནང་བ་རེད།

    འཁྱུག་ཙམ་ཞིག་ལ་ཆུ་ཚོད་གཅིག་ལྷག་ཙམ་འདས་པ་དང་ཁྲེན་ཆོན་གོས་གྲོགས་པོ་དགེ་འདུན་པ་ཚང་མར་ཕྱག་རྟགས་གྲྭ་ཆས་ཆ་ཚང་རེ་གནང་བ་རེད། “གནམ་གཤིས་གྲང་དུ་སོང་བས་མ་འཁྱགས་པ་བྱེད་དགོས།ད་ལྟ་ཉིན་དགུང་ཟིན་པས་མཉམ་དུ་ཁ་ལག་བཟས་ན་གང་འདྲ་འདུག”ཅེས་ཁྲེན་ཆོན་གོས་གྲོགས་པོ་དགེ་འདུན་པ་ཚོར་འཛུམ་དམུལ་དམུལ་ངང་གསུངས་པ་རེད།

    ཞལ་ལག་སྟབས་བདེ་རུང་སེམས་རྩ་འཁོལ་བའི་རྣམ་པས་ཁེངས། སྤྲོ་སྣང་ལྡན་པའི་གླེང་མོལ་དེ་མགྲོན་བསུ་ཁང་ནས་སླར་ཡང་ཟ་ཁང་དུ་གནང་འགོ་ཚུགས། ཏང་དང་སྲིད་གཞུང་ལ་བཅངས་པའི་བཀའ་དྲིན་གྱི་བསམ་པ་ནམ་ཡང་བརྗོད་མི་ཚར་ལ་གྲོགས་པོའི་དབར་གྱི་ཟོལ་མེད་མཛའ་མཐུན་ནམ་ཡང་གླེང་མི་ཚར།

    མཉམ་འཛོམས་ཀྱི་དུས་ཚོད་འཁྱུག་ཙམ་ནང་འདས། བྲལ་ཁར་ཁྲེན་ཆོན་གོས་མི་རེ་རེ་ལ་ཉིན་དེར་མཉམ་དུ་བསྒྲོན་པའི་པར་གནང་བ་མ་ཟད་ཕྱག་གཡུག་གཡུག་གནང་རྗེས་ཚང་མ་ཐོན། རླངས་འཁོར་ཐག་རིང་དུ་བཞུད་ཀྱང་ཚང་མའི་སེམས་པ་ཉེ་བར་གྱུར།

མཛའ་འབྲེལ་དྲ་བ།
010020070840000000000000011100001329401611