༄༅།། བོད་ ཀྱིས་ ཡོང་ འབབ་ དམའ་ བའི་ མང་ ཚོགས་ ཁྲི་ 43 དུས་ ཆེན་ གསུམ གྱི་ འཚོ་ བའི་ ཁ་ གསབ་ རོགས་ དངུལ་ སྤྲོད་ རྒྱུ་ ཡིན་ པ།
 
2013-12-25       གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་ཟླ་12ཚེས་25ཉིན་གནས་ཚུལ་འབྱོར་གསལ། (གསར་འགོད་པ་ཝང་ཅུན་དང་ཀྲང་ཅིང་ཕིན)2014ལོའི“དུས་ཆེན་གསུམ”(སྤྱི་ལོའི་ལོ་གསར། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར། )འཆར་ལ་ཉེ་བའི་མཚམས་འདིར་བོད་ལྗོངས་ཀྱི་ཡོང་འབབ་དམའ་བའི་མང་ཚོགས་ཚོས་དགའ་སྐྱིད་འཆམ་མཐུན་ལྡན་པའི་དུས་ཆེན་ཞིག་གཏོང་ཐུབ་པར་འགན་ལེན་ཏན་ཏིག་བྱ་ཆེད་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དངུལ་སྨར་གྱི་ཐོག་ནས་ཡོང་འབབ་དམའ་བའི་མང་ཚོགས་ཚོར་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་ཁྲི་43ལྷག་ཙམ་སྤྲོད་རྒྱུའི་གཏན་འཁེལ་བྱས་པ་རེད།

    གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་ཐིང་ནས་ཤེས་རྟོགས་བྱུང་གསལ། 2014ལོའི“དུས་ཆེན་གསུམ”གྱི་འཚོ་བའི་ཁ་གསབ་རོགས་དངུལ་དེས་བོད་ཀྱི་མང་ཚོགས435208ལ་ཕན་པ་ཐོབ་རྒྱུ་དང་གཤམ་སྤྲོད་ལས་དོན་སྤེལ་བཞིན་ཡོད་པ་རེད། ཐེངས་གཅིག་རང་བཞིན་གྱི་དངུལ་སྨར་གྱི་ཐོག་ནས་རོགས་དངུལ་སྤྲོད་པའི་ཞིབ་ཕྲའི་ཚད་གཞི་ནི་ཁེ་ལས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་མི་སྣ་དང་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ། གྲོང་ཁྱེར་གྱི་གཙོ་གནད་གཟིགས་སྐྱོང་བྱ་ཡུལ་བཅས་མི་རེར་སྒོར་900སྤྲོད་རྒྱུ་དང་། ཞིང་འབྲོག་ཁུལ་གྱི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་དང་བསྙེན་བཀུར་ལྔ་བྱ་ཡུལ། གྲོང་གསེབ་ཀྱི་གཙོ་གནད་གཟིགས་སྐྱོང་བྱ་ཡུལ་བཅས་མི་རེར་སྒོར་300སྤྲོད་རྒྱུ་ཡིན་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་དབྱང་གི“སྒྲིག་སྲོལ་བརྒྱད”ཀྱི་བླང་བྱར་གཞིགས་ནས་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་དང་ལག་ལེན་བྱེད་སྒོའི་ཁྲོད་བསྡུ་ལེན་བྱས་པའི་བསམ་འཆར་དང་ཟུང་འབྲེལ་གྱིས་བོད་ཀྱིས་2014ལོའི“དུས་ཆེན་གསུམ”གྱི་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་རོགས་དངུལ་དེ“དམངས་ཕན་དངོས་ཟོག་ཉོ་སྒྲུབ་གཱ”ཡི་རྣམ་པའི་ཐོག་ནས་སྤྲོད་རྒྱུ་མིན་པ་དང་དངུལ་སྨར་གྱི་རྣམ་པའི་ཐོག་ནས་རོགས་དངུལ་སྤྲོད་ཡུལ་མང་ཚོགས་ལ་དོན་འཁྱོལ་བྱ་རྒྱུ་དང་། ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་རོགས་དངུལ་དེ་དག་ཚང་མ་2013ལོའི་ཟླ་12ཚེས་31ཉིན་གྱི་གོང་དུ་རོགས་དངུལ་སྤྲོད་ཡུལ་མི་རྣམས་ཀྱི་ལག་ཐོག་ཏུ་འབྱོར་བ་བྱ་རྒྱུ་ཡིན།

    ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་རྙིང་པ་བསྟན་རྒྱས་གླིང་སྡེ་ཁུལ་གྱི་མི་ཧྲེང་རྒན་འཁོགས་ཟླ་བ་བཀྲ་ཤིས་ཀྱིས་དུས་ཆེན་གྱི་ཁ་གསབ་རོགས་དངུལ་རགས་རྗེས་དགའ་ཚོར་ཆེན་པོས“དངུལ་དེ་དག་ཡོད་པས་ང་ཚོས་ཁྲོམ་རར་བསྐྱོད་དེ་འབྲས་དང་སྣུམ། ཚགས་ཤ་སོགས་ལོ་གསར་གྱི་མཁོ་ཆས་ཉོ་ཐུབ་རྒྱུ་ཡིན་ལ་དགའ་སྐྱིད་ལྡན་པའི་ལོ་གསར་ཞིག་གཏོང་ཐུབ་རྒྱུ་རེད”ཅེས་བརྗོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2008ལོ་ནས་འགོ་ཚུགས་ཏེ་བོད་ཀྱིས་ལོ་6བསྟུད་མར་སྤྱི་ལོའི་ལོ་གསར་དང་དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་རིང་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་མི་སྣ་དང་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ། གཟིགས་སྐྱོང་བྱ་ཡུལ། འགན་ལེན་ལྔའི་དུད་ཁྱིམ་སོགས་དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་ལ་དངོས་ཟོག་ཉོ་སྒྲུབ་གཱ་དང་དངུལ་སྨར་སོགས་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་རོགས་དངུལ་སྤྲད་ཡོད།

མཛའ་འབྲེལ་དྲ་བ།
010020070840000000000000011100001329946441