༄༅།། བོད་ ཀྱི་ འབྲུ་ རིགས་ ཐོན་ འབབ་ བསྟུད་ མར་ ལོ་ 15ཏུན་ ཁྲི་ 90ཡན་ མཐའ་ འཁྱོངས་ ཐུབ་ པ།
2014-01-14       གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། 2013ལོར་བོད་ཀྱི་འབྲུ་རིགས་ཐོན་འབབ་ཏུན་ཁྲི་96ཟིན་པ་དང་ལོ་15བསྟུད་མར་ཏུན་ཁྲི་90ཡན་མཐའ་འཁྱོངས་ཐུབ་ཡོད། ལྷག་དོན་དུ་ནས་ཀྱི་ཐོན་འབབ་ཏུན་ཁྲི་66ལས་བརྒལ་ནས་ཉེ་བའི་ལོ་10རིང་གི་ཆུ་ཚད་མཐོ་ཤོས་བཏོད་ཡོད། དེ་ནི་གསར་འགོད་པས་བོད་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག་ནས་ཤེས་རྟོགས་ཐུབ་པ་ཞིག་ཡིན།

    བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་། 2013ལོར་བོད་ཀྱིས་ཞིང་ལས་སྟོབས་ཆེར་དང་ཞིང་པར་ཕན་པ་དང་ཕྱུག་པོ་ཆགས་པ་བྱ་རྒྱུའི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ནོར་སྲིད་ཀྱིས་ཞིང་སྐྱོར་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་160.5ཟིན་ནས་བརྒྱ་ཆ་11.4འཕར་ཡོད།   “བོད་ནས་2000”གི་སོན་རིགས་གསར་པ་ཁྱབ་གདལ་གཏོང་ཚད་མུའུ་ཁྲི་10.6ཟིན་ཞིང་མུའུ་རེ་ནས་ཐོན་འཕར་སྤྱི་རྒྱ་26.5བྱུང་ཡོད།  ཤ་རིགས་དང་འོ་རིགས། སྔོ་ཚལ་བཅས་ཀྱི་ཐོན་ཚད་ཁག་སོ་སོ་ཏུན་ཁྲི་32དང་ཏུན་ཁྲི་36   ཏུན་ཁྲི་80བཅས་ཟིན་ནས་བོད་ཀྱི་མི་འབོར་ཁྲི་308ལ་གཞིགས་ནས་རྩིས་ན། མི་རེར་ཆ་སྙོམས་ཤ་དང་སྔོ་ཚལ་ལྡན་ཚད་སྤྱི་རྒྱ་100དང་སྤྱི་རྒྱ་250ཟིན་ཡོད་ཅེས་བཏོན་ཡོད། 

    ཉེ་བའི་ལོ་ཤས་རིང་།  བོད་ཀྱིས་ཞིང་ལས་ཚན་རྩལ་གསར་གཏོད་དང་སོན་བཟང་ཁྱབ་གདལ་ཟམ་མི་ཆད་པར་ཤུགས་ཆེར་བཏང་ཞིང་ནས་ཀྱི་ཐོན་ལས་སོགས་ཞིང་འབྲོག་ལས་ཐད་ཚན་རྩལ་བེད་སྤྱོད་ཀྱིས་དཔེ་སྟོན་ཁྱབ་གདལ་གཏོང་རྒྱུ་དེ་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་ནུས་པ་ཆེ་རུ་དང་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་རྒྱུའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད།

    གཞན་ཡང་།  བོད་ཀྱིས་སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཤུགས་ཆེར་བཏང་སྟེ་ཞིང་པས་ས་ཞིང་འདེབས་པའི་ཧུར་བརྩོན་རང་བཞིན་སྐུལ་སྤེལ་གྱིས་ནུས་ཤུགས་ཡོད་རྒུས་འབྲུ་རིགས་འདེབས་ཁྱོན་བརྟན་དུ་བཏང་ཡོད།  2013ལོར་བོད་ཀྱི་ནས་ཀྱི་སོན་བཟང་ཁ་གསབ་ཚད་གཞི་དེ་དེ་སྔའི་མུའུ་རེར་སྒོར་15ཡིན་པ་ནས་མུའུ་རེར་སྒོར་20བར་མཐོ་རུ་བཏང་བ་དང་། འབྲུ་རིགས་འདེབས་མཁན་ཞིང་པར་ཐད་ཀའི་ཁ་གསབ་སྤྲོད་ཚད་དེ་མུའུ་རེར་སྒོར་15ཡིན་པ་ནས་མུའུ་རེར་སྒོར་30བར་མཐོ་རུ་བཏང་བ།  ཞིང་ལས་རྒྱུ་ཆའི་ཕྱོགས་བསྡུས་ཁ་གསབ་དེ་2011ལོའི་མུའུ་རེར་སྒོར་15ཡིན་པ་ནས་མུའུ་རེར་སྒོར་27.87བར་མཐོ་རུ་བཏང་ཡོད།

    བོད་ལྗོངས་ཞིང་འབྲོག་ཐིང་གི་གྲངས་གཞི་ལས་མངོན་པར། 2013ལོའི་བོད་ཀྱི་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་245ཟིན་པ་དང་ལོ་གོང་མ་ལས་མུའུ་ཁྲི་5ཆེ་རུ་ཕྱིན་ཡོད། དེའི་ནང་ནས་ཀྱི་འདེབས་ཁྱོན་མུའུ་ཁྲི་175ཟིན་ཡོད།

    2014ལོར་བོད་ཀྱིས་ཁྱོན་ཡོངས་ནས་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་225བཟོ་རྒྱུ་དང་“བོད་ནས་2000”སོགས་ནས་ཀྱི་སོན་རིགས་གསར་པ་མུའུ་ཁྲི་50ཁྱབ་གདལ་བཏང་ནས་འབྲུ་རིགས་ཐོན་ཚད་ཏུན་ཁྲི་97ཡན་ཟིན་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001330431391