གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བོད་ ལྗོངས་ ཀྱི་ གྲོང་ ཁྱེར་ དང་ གྲོང་ གསེབ་ ཀྱི་ མ་ མཐའི་ འཚོ་ བ་ འགན་ ལེན་ བྱེད་ ནུས་ ལོ་ རེ་ བཞིན་ ཆེ་ རུ་ འགྲོ་ བ།
2014-02-14       གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    སྤྱི་ཚོགས་རོགས་སྐྱོབ་མ་ལག་དེ་ཉིད་དམངས་འཚོའི་འདུ་འགོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔར་ནས་ད་བར་ཚད་མཐོའི་མཐོང་ཆེན་བྱས་ཡོད།  ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱི་རིམ་ཁག་ནོར་སྲིད་སྡེ་ཚན་གྱིས་མ་དངུལ་གྲབས་གསོག་ཧུར་ཐག་དང་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ལམ་ལུགས་ཀྱི་ཁྱབ་ཁོངས་ཟམ་མི་ཆད་པར་ཆེ་རུ་དང་ཚད་གཞི་མཐོ་རུ་བཏང་ཡོད།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྐྱིད་རས་སྡེ་ཁུལ་གྱི་གྲོང་མི་སྟོབས་རྒྱལ་ད་ལོ་ལོ་57ལ་སླེབས་པ་དང་ཁྱིམ་ནང་བཟའ་ཟླ་དང་བུ་མོ་དང་དེ་བཞིན་ཚ་མོ་བཅས་མི་4ཡོད་ཅིང་།  ཁྱིམ་ཚང་ནང་ངལ་ནུས་མི་འདང་བའི་དབང་གིས་དེ་སྔོན་ལོ་གཅིག་ནང་ཟླ་རེར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་200ལས་མེད་པས་འཚོ་བར་དཀའ་ངལ་ཧ་ཅང་ཆེན་པོ་ཡོད།  2005ལོར་རེ་ཞུ་བྱས་པ་བརྒྱུད་གྲོང་ཚོ་ཨུ་ལྷན་གྱིས་སྟོབས་རྒྱལ་གྱི་ཁྱིམ་གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་དུད་ཁྱིམ་ནང་བཅུག་རྗེས་ཚད་གཞི་གཞིར་བཟུང་ལོ་ལྟར་སྒོར་ཁྲི་1ལྷག་ཙམ་གྱི་རོགས་དངུལ་སྤྲད་པ་དེས་སྟོབས་རྒྱལ་ཁྱིམ་གྱི་འཚོ་བའི་དཀའ་ངལ་ངེས་ཅན་བསལ་ཡོད།

    1997ལོ་ནས་བཟུང་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་མ་མཐའི་འཚོ་བ་འགན་ལེན་གྱི་ལས་དོན་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་ཚོད་ལྟ་བྱས་ཚུན་བོད་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་སྔ་རྗེས་སུ་ཐེངས་11སྤར་བ་སྟེ།  གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་1997ལོར་མི་རེར་ཟླ་རེར་སྒོར་130ནས་སྒོར་440བར་མཐོ་རུ་བཏང་བ་དང་།  འགན་ལེན་མི་གྲངས་དེ་ཐོག་མའི་མི་2348ནས་2013ལོའི་མི་49920བར་མང་དུ་བཏང་བ།  ཟླ་རེར་མི་རེར་ཆ་སྙོམས་ཆད་གསབ་ཚད་གཞི་དེ་དེ་སྔའི་སྒོར་51ནས་སྒོར་324བར་མཐོ་རུ་བཏང་ཡོད་པ་རེད།

    ད་ཆ་བོད་ལྗོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་ཁུལ་དུ་བོད་ལྗོངས་ཀྱི་རྒྱུན་སྡོད་གྲོང་གསེབ་ཀྱི་ཐེམ་ཐོ་ཡོད་པའི་ཡུལ་མི་ཡིན་ཕྱིན་མཉམ་དུ་འཚོ་བ་སྐྱེལ་མཁན་གྱི་ཁྱིམ་ཚང་གི་ཁོངས་མི་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་ཁེ་གཙང་དེ་ས་གནས་དེ་གའི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་ལས་དམའ་བ་ཡོད་ཚེ་གྲོང་གསེབ་ཀྱི་ཡུལ་མིའི་མ་མཐའི་འཚོ་བ་འགན་ལེན་གྱི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུའི་འདུན་པ་ཞུས་ཆོག  རྒན་མོ་བསམ་སྐྱིད་ནི་དེ་སྔོན་ཁྲེང་ཀོན་ཆུས་རྔ་ཆེན་ཤང་རྔ་ཆེན་གྲོང་ཚོའི་གྲོང་མི་ཞིག་ཡིན་ཞིང་།  2009ལོར་རྒན་མོ་བསམ་སྐྱིད་སྡོད་སའི་གྲོང་ཚོ་ཉིད་གྲོང་ཁྱེར་འཛུགས་སྐྲུན་གྱི་འཆར་འགོད་ནང་ཚུད་སྟབས་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་ཁྲེང་ཀོན་མེ་ཏོག་ལྡུམ་རའི་སྡེ་ཁུལ་ནས་སྨི་ངོས་གྲུ་200ལྷག་ཙམ་ཟིན་པའི་བོད་ཁང་ཞིག་སྤྲད་པ་དེའི་ཁང་གོང་སྔོན་མའི་ཁང་པ་ལས་མཐོ་བ་ཡོད་པ་རེད།  རྒན་མོ་བསམ་སྐྱིད་ཁྱིམ་ལ་བཟའ་ཟླ་དང་གསོས་ཕྲུག་བུ་མོ་གཅིག་བཅས་ཁྱོན་ནང་མི་གསུམ་ཡོད་མོད།  འོན་ཀྱང་ཁྱིམ་གྱི་ཡོང་སྒོ་ཆུང་བའི་དོན་དངོས་ཀྱི་དཀའ་ངལ་ལ་དམིགས་ནས་གྲོང་ཚོ་ཨུ་ལྷན་གྱིས་སྲིད་ཇུས་ཀྱི་ཚད་གཞི་བཞིན་ཁོང་ཚོའི་ཁྱིམ་ཡང་གྲོང་ཚོའི་མ་མཐའི་འཚོ་བ་འགན་ལེན་སྤྲོད་ཡུལ་དུ་བཅུག་ནས་འཚོ་བར་གཞི་རྩའི་འགན་ལེན་ཡོང་བ་བྱས་ཡོད།  ན་ནིང་རྒན་མོ་བསམ་སྐྱིད་སྡོད་སའི་ཁྱབ་ཁོངས་དེ་ཉིད་རྔ་ཆེན་ཤང་བྱང་ལམ་གྲོང་ལྷན་ཁོངས་སུ་བཅུག་པ་མ་ཟད་འདི་ལོ་རྒན་མོ་བསམ་སྐྱིད་ཚུད་པའི་མ་མཐའི་འཚོ་བ་འགན་ལེན་སྤྲོད་ཡུལ་ཁྱིམ་ཚང་ཚང་མ་གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་དུད་ཚང་དུ་གྱུར་ནས་ཁ་གསབ་ཚད་གཞི་སྔར་བས་མཐོ་རུ་བཏང་ཡོད་པ་རེད།

    2013ལོ་བར་བོད་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་ཐེངས་7སྤར་ནས་2007ལོར་ལོ་རེར་མི་རེར་ཆ་སྙོམས་སྒོར་800ནས་1750བར་མཐོ་རུ་བཏང་བ་དང་མི་འབོར་ཡང་ཐོག་མའི་མི་ཁྲི་23ནས་32.9བར་མང་དུ་བཏང་ཡོད།

མཛའ་འབྲེལ་དྲ་བ།
010020070840000000000000011100001331148771