གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བོད་ ཀྱི་ དཔལ་ འབྱོར་ ལོ་ 5བསྟུད་ མར་ དུང་ ཕྱུར་ བརྒྱ་ རིམ་ པའི་ བརྟན་ འཕར་ བྱུང་ བ།
2014-03-26       གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    བོད་རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ཀྱི་ཉེ་ཆར་ཡོངས་བསྒྲགས་བྱས་པའི་གྲངས་གཞིའི་ཐོག་ནས་མངོན་པར།  2013ལོར་བོད་ལྗོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་807.67བྱུང་བ་དེ་2012ལོ་ལས་12.1%འཕར་བ་དང་།  རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་4.4ཡིས་མཐོ་བ།  འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གསུམ་པར་སླེབས་ཡོད།  དེ་ནི་བོད་ལྗོངས་ཀྱི་དཔལ་འབྱོར་2009ལོ་ཚུན་དུ་ལོ་5བསྟུད་མར་དུང་ཕྱུར་བརྒྱ་རིམ་པའི་བརྟན་འཕར་བྱུང་བ་ཞིག་ཀྱང་རེད།  དེ་དང་ཆབས་ཅིག་2013ལོར་བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་ཤུགས་ཆེ་བའི་ནང་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་6578ཟིན་པ་དང་།  15%འཕར་བ།  འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་པ།  ལོ་11བསྟུད་མར་གྲངས་གནས་གཉིས་ཀྱི་ཐོག་ནས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད།

    ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་པས་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ནས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་རྒྱུན་ཆད་མེད་པར་ཚད་བརྒལ་གསར་པ་བྱུང་ཞིང་།  2009ལོ་ནས་བཟུང་སྒོར་དུང་ཕྱུར་400དང་།  སྒོར་དུང་ཕྱུར་500  སྒོར་དུང་ཕྱུར600  སྒོར་དུང་ཕྱུར་700  སྒོར་དུང་ཕྱུར་800བཅས་ཀྱི་སྐས་རིམ་ལས་སྔ་རྟིང་དུ་བརྒལ་ཡོད།  2013ལོ་ནས་བཟུང་བོད་ལྗོངས་ཀྱིས་དམ་འཛིན་བྱེད་གཞི“ཆ་དྲུག”གི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་དམ་པོར་དམིགས་པ་དང་ལས་ཀའི“བྱེད་ཐབས་དྲུག”ནུས་ཤུགས་ཡོད་རྒུས་ལག་བསྟར་བྱས་པས་ལྗོངས་ཡོངས་ཀྱི་དཔལ་འབྱོར་ཐད་ཁྱོན་ཡོངས་ནས་བརྟན་པོ་དང་།  བརྟན་ཐོག་མགྱོགས་པ།  མགྱོགས་ཐོག་སྤུས་ལེགས་བཅས་ཀྱི་འཕེལ་ཕྱོགས་ཡག་པོ་མངོན་པ་དང་།  དཔལ་འབྱོར་དམིགས་ཚད་གལ་ཆེན་ཁག་གཅིག་གི་འཕར་ཚད་ནུབ་རྒྱུད་དང་ཐ་ན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའི་ནང་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་དང་།  སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་སྤྱི་འབོར།  གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་བཅས་ཀྱི་འཕར་ཚད་ཁག་སོ་སོར་29.4%དང་། 15.1%  11.1%སོ་སོར་ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།

    དེ་དང་ཆབས་ཅིག་2013ལོར་བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་20023ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་11%འཕར་བ་དང་འཕར་ཚད་དེ་རྒྱལ་ཡོངས་ཀྱི་ཨང་དང་པོར་ཐེངས་དང་པོ་སླེབས་པ་དང་།  ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་6578ཟིན་ཞིང་།  གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དང་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་ཀྱི་བསྡུར་གྲངས་དེ་3.041བར་ཆག་པ་དང་དམིགས་ཚད་དེ་ལོ་8བསྟུད་མར་4མན་རྒྱུན་འཁྱོངས་ཐུབ་པ་མ་ཟད་ལོ་རེ་བཞིན་ཆག་པའི་རྣམ་པའང་ཐོན་ཡོད།

    བོད་ལྗོངས་ཀྱི་ཞིང་འབྲོག་པས་ལྗོངས་ཡོངས་ཀྱི་སྤྱིའི་མི་འབོར་གྱི་80%ཡན་ཟིན་ཡོད་པས་ཞིང་འབྲོག་པའི་ཡོང་འབབ་ཏན་ཏིག་འཕར་བ་དང་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་ཆེད་ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཀྱི་རིམ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་གཟིགས་སྐྱོང་དང་རོགས་སྐྱོར་སྲིད་ཇུས་རྒྱུན་ཆད་མེད་པར་བཏོན་པ་དང་ཞིང་སྐྱོར་མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་མང་དུ་བཏང་ཡོད།  བོད་རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ཀྱི་ཅུས་ཀྲང་རྒྱལ་ཁབ་བསྡོམས་རྩིས་ཅུས་བོད་ལྗོངས་བརྟག་ཞིབ་སྤྱི་ཁྱབ་རུ་ཁག་གི་སྤྱི་ཁྱབ་རུ་དཔོན་ལིའུ་པའེ་ཁྲེང་གིས་2013ལོར་བོད་ལྗོངས་ཀྱིས་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་བཏང་བ་དང་ཆབས་ཅིག་དམངས་འཚོ་ནུས་ཤུགས་ཡོད་རྒུས་འགན་ལེན་དང་ལེགས་སུ་བཏང་བའི་ཁར་ནོར་ཤུགས་དེ་བས་མང་བ་ཞིག་དམངས་འཚོ་འཛུགས་སྐྱོང་ཁྱབ་ཁོངས་སུ་བཏང་ནས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་རྒྱུ་ཡོང་གང་ཐུབ་ཅི་ཐུབ་བྱས་པ་དང་།  རིམ་རྩིས་བྱས་ན།  2013ལོར་ལྗོངས་ཡོངས་ཀྱིས་ཞིང་སྐྱོར་མ་དངུལ་སྒོར་དུང་ཕྱུར་160.5དོན་འཁྱོལ་བྱས་ཡོད་ཅེས་གསུངས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན།  ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཛད་སྤྱོད་གཏོང་སྒོའི་གྲུབ་ཆར་འགྱུར་ལྡོག་ཆེན་པོ་བྱུང་ནས་འཛད་སྤྱོད་ཆུ་ཚད་ཐོག་མའི་ལྟོ་གོས་འཛོམས་ཙམ་ནས་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་འགོ་ཚུགས་ཡོད།  2013ལོར་བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་ཀྱི་གྲོང་མི་རིགས་ཆེན་པོ་བརྒྱད་ཀྱི་འཛད་སྤྱོད་གཏོང་སྒོའི་བང་རིམ་ཁྲོད་བཟའ་བཅའི་རིགས་ཀྱི་འཛད་སྤྱོད་གཏོང་སྒོ་ཨང་བདུན་པར་སླེབས་པ་དེ་ཐོག་ནས་གཞི་རྩའི་འཚོ་བའི་གཏོང་སྒོ་མུ་མཐུད་བརྟན་པོ་བྱུང་བ་མཚོན་པ་དང་།  འགྲིམ་འགྲུལ་དང་འཕྲིན་གཏོང་སོགས་འཚོ་བའི་ཚད་གཞིའི་གཏོང་སྒོ་འཕར་ཚད་ཀྱི་བང་རིམ་མདུན་གྲས་སུ་སླེབས་པ།  དམངས་ཕན་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱས་པས་སྨན་བཅོས་འཕྲོད་སྦྱོར་དང་།  རོལ་རྩེད།  རིག་གནས།  སློབ་གསོ་བཅས་་རྣམ་གྲངས་ཐད་ཀྱི་ཞིང་འབྲོག་པའི་གཏོང་སྒོ་གོང་ལོ་ལས་ཆག་ཡོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001332145641