གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། ང་ ཚོ་ ནི་ བདེ་ སྐྱིད་ ལྡན་ པའི་ མི་ རབས་ ཤིག་ ཡིན་།
2014-04-03       གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    བོད་ལྗོངས་ཀྱི་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་ལག་ལེན་བསྟར་བའི་སྐོར་བཀོད་པ།

    1985ལོ་ནས་བཟུང་རང་ལྗོངས་ཀྱི་ཞིང་འབྲོག་པའི་བུ་ཕྲུག་ལ་རིན་མེད་འོས་འགན་སློབ་གསོ་དང་ལེན་བྱེད་རྒྱུ་བྱུང་བའི་རྨང་གཞིའི་ཐོག“འགན་ལེན་གསུམ”གྱི་སྲིད་ཇུས་ལག་ལེན་བསྟར་ཡོད།སྲིད་ཇུས་ལག་ལེན་བསྟར་ནས་ལོ་29སོང་རིང་རང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་གོང་འཕེལ་ཤུགས་ཆེན་བྱུང་ནས་རང་ལྗོངས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་ཆེད་རྨང་གཞི་བརྟན་པོ་བཏིང་བ་དང་གསོན་ཤུགས་དང་སྐྱེ་སྟོབས་གསར་པ་བསྣན་ཡོད་པ་རེད།

    “འགན་ལེན་གསུམ”གྱི་གྲོན་དངུལ་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ།

    འདི་ལོའི་སྟོན་དུས་ཀྱི་སློབ་འགོ་ཚུགས་རྗེས་རང་ལྗོངས་ཀྱིས“འགན་ལེན་གསུམ”གྱི་གྲོན་དངུལ་གྱི་ཚད་གཞི་སླར་ཡང་མཐོ་རུ་གཏོང་རྒྱུ་སྟེ།ད་ཆ་ལག་བསྟར་བྱེད་བཞིན་པའི་ཚད་གཞི་རྨང་གཞིར་བྱས་ནས་ལོ་རེར་སློབ་མ་རེར་བཅད་གྲངས་བཞིན་སྒོར་200མཐོ་རུ་བཏང་ནས་རིགས་གཉིས་པའི་ས་ཁུལ་གྱི་སྒོར་2800ཟིན་པ་བྱ་རྒྱུ་དང་།རིགས་གསུམ་པའི་ས་ཁུལ་དུ་སྒོར་2900ཟིན་པ་བྱ་རྒྱུ།རིགས་བཞི་པའི་ས་ཁུལ་དུ་སྒོར་3000ཟིན་པ་བྱ་རྒྱུ་བཅས་དང“འགན་ལེན་གསུམ”གྱི་གྲོན་དངུལ་མང་དུ་བཏང་བའི་དངུལ་རྣམས་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ཆ་ཚང་གཏོང་རྒྱུ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན།ད་ཐེངས“འགན་ལེན་གསུམ”གྱི་གྲོན་དངུལ་གྱི་ཚད་གཞི་མཐོ་རུ་གཏོང་རྒྱུ་དེ་ནི་1985ལོར“འགན་ལེན་གསུམ”གྱི་སྲིད་ཇུས་ལག་ལེན་བསྟར་ཚུན་གྱི་མཐོ་རུ་གཏོང་ཐེངས་13པ་དེ་ཡིན་ཞིང་།འབྲེལ་ཡོད་གྲངས་གཞི་ལས་མངོན་པར་གཞིགས་ན།2009ལོར་ལྗོངས་ཡོངས་ཀྱི་སློབ་གསོའི“འགན་ལེན་གསུམ”གྱི་གྲོན་དངུལ་བཏང་ཚད་སྒོར་ཁྲི་41924.28ཟིན་ནས་སློབ་མ་ཁྲི་27ལ་ཕན་པ་ཐོབ་པ་དང་།2013ལོར་ལྗོངས་ཡོངས་ཀྱི་སློབ་གསོའི“འགན་ལེན་གསུམ”དང་སློབ་རོགས་ཐད་མ་དངུལ་བཏང་ཚད་སྒོར་ཁྲི་137894.91ཟིན་ནས་སློབ་མ་ཁྲི་54.10ལ་ཕན་པ་ཐོབ་ཡོད་པ་རེད།འདི་ལོ་ལྗོངས་ཡོངས་ཀྱི་སློབ་གསོའི“འགན་ལེན་གསུམ”དང་སློབ་རོགས་ཐད་མ་དངུལ་གཏོང་ཚད་སྔོན་རྩིས་ལྟར་ན།སྒོར་ཁྲི་151899.90ཟིན་ནས་སློབ་མ་ཁྲི་56.10ལ་ཕན་པ་ཐོབ་རྒྱུ་ཡིན་པ་རེད།

    “འགན་ལེན་གསུམ”གྱི་བྱ་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱུང་བ།

    རང་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་གཟུགས་གཞི་བདེ་ཐང་འགན་ལེན་དང་སློབ་མ་ཚོའི་བཟའ་བཏུང་གི་འཚོ་བཅུད་ལེགས་སུ་གཏོང་ཆེད།རང་ལྗོངས་ཀྱིས་རྒྱུན་ཆད་མེད་པར་སློབ་གསོའི་ཐད་དོ་དམ་བྱེད་སྟངས་གསར་གཏོད་ཀྱིས“འགན་ལེན་གསུམ་དང་འཚོ་བཅུད་ཟུང་འབྲེལ་བྱེད་པའི”བྱ་ཐབས་གསར་པ་བཏོན་ཡོད།གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་གཏོང་ལས་དོན་སྤེལ་བ་དེ་ནི་ལྗོངས་ཡོངས་སུ“འགན་ལེན་གསུམ”གྱི་སྲིད་ཇུས་ལག་ལེན་བསྟར་རྗེས་ཀྱི་གལ་ཆེའི་སྲིད་ཇུས་གཞན་ཞིག་རེད།

    2012ལོའི་དཔྱིད་དུས་ཀྱི་སློབ་འགོ་ཚུགས་པ་ནས་བཟུང་།རང་ལྗོངས་ཀྱིས་རྫོང་མན(རྫོང་གྲོང་ཚུད་མེད)གྱི་འོས་འགན་སློབ་གསོའི་སློབ་གྲྭ་ཡོངས་སུ་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་གཏོང་འཆར་གཞི་ལག་ལེན་བསྟར་ནས“འགན་ལེན་གསུམ་དང་འཚོ་བཅུད་ཟུང་འབྲེལ་བྱེད་པའི”ལྟོ་ཆས་མཁོ་སྤྲོད་བྱེད་སྟངས་ལག་ལེན་བསྟར་བ་དང་།ཉིན་རེར་སློབ་མ་རེར་ལྟོ་ཆས་ཀྱི་ཁ་གསབ་དངུལ་སྒོར་3བཀོད་སྒྲིག་བྱས་པ་དང་ལོ་ཧྲིལ་པོར་ཉིན་200གཞིར་བཟུང་གཏན་འཁེལ་བྱས་ཡོད་པ་དང་།ལྷག་པར་དུ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་ཚད་གཞི་དེ་སྒོར་5བར་མཐོ་རུ་བཏང་བ་དང་ཁ་གསབ་རོགས་དངུལ་རྣམས་ས་གནས་ནོར་སྲིད་ཀྱིས་སྤྲད་ཡོད་པ་རེད།2013ལོར་རང་ལྗོངས་ཀྱིས་འཚོ་བཅུད་ལེགས་གཏོང་འཆར་གཞིའི་ཆེད་དངུལ་ཁྱོན་སྒོར་དུང་ཕྱུར་1.15གཤམ་སྤྲོད་བྱས་པས་སློབ་མ་མི་གྲངས་205410ལ་ཕན་པ་ཐོབ་པ་དང་སྲིད་ཇུས་དོན་འཁྱོལ་ཐུབ་ཚད་དང་མ་དངུལ་སྤྲོད་ཚད་100%ཟིན་ཡོད་པ་རེད།

    ཉིང་ཁྲི་ས་ཁུལ་སྣང་རྫོང་ལྟེ་བའི་སློབ་ཆུང་ལོ་རིམ་དྲུག་པའི་སློབ་མ་སྐྱིད་ལོས་ཀྱིས“ད་ཆ་ང་སློབ་གྲྭར་འགྲོ་སྐབས་སློབ་ཡོན་སྤྲོད་མི་དགོས་པའི་ཁར་སློབ་གྲྭས་ད་དུང་འཚོ་བཅུད་དངུལ་སྤྲོད་ཀྱི་འདུག་པས་ད་ཆ་ང་རང་གཟུགས་པོ་ཐང་རུ་སོང་ཡོད་ལ་སློབ་གྲྭར་འགྲོ་རྒྱུར་ཡང་དགའ་པོ་ཡོད”ཅེས་བཤད་པ་དང་།སྣང་རྫོང་ལྟེ་བའི་སློབ་ཆུང་གི་སློབ་སྤྱི་ཉི་མ་ཚེ་རིང་གིས“ང་ཚོའི་སློབ་གྲྭའི་ཟ་ཁང་དུ་ཉིན་ལྟར་ལྟོ་དུས་ཐེངས་གསུམ་གཏོང་གི་ཡོད།ཞོགས་ཟས་སྐབས་ཕྲུ་གུ་ཚོས་དགའ་པོ་བྱེད་པའི་འོ་མ་དང་།སྒོ་ང་།མེན་པའོ་དང་དེ་བཞིན་འབྲས་ཐུག་དང་མོག་མོག་ཡོད།དགུང་ཟས་སྐབས་ཤ་ཡོད་ཚལ་གཉིས་དང་།སྔོ་ཚལ་གཅིག་ཐང་གཅིག་བཅས་ཡོད།དགོང་ཟས་སྐབས་སྔོ་ཚལ་གཅིག་དང་ཤ་ཡོད་ཚལ་གཅིག་ཡོད།དེ་དང་ཆབས་ཅིག་ཕྲུ་གུ་ཚོའི་བཟའ་བཅའ་བདེ་འཇགས་ལྡན་པ་ཡོང་ཆེད།ང་ཚོས་ཚལ་རིགས་ཉོ་བ་དང་ཟ་སྣོད་འཐུང་ཆས་དུག་སེལ་བྱེད་སྐབས་ལྟ་སྐུལ་དོ་དམ་བྱ་ཤུགས་ཆེ་རུ་བཏང་ནས་ཕྲུ་གུ་ཚོའི་ལུས་སེམས་བདེ་ཐང་ཡོང་བའི་འགན་ལེན་བྱེད་ཀྱི་ཡོད”ཅེས་བཤད།

    མ་དངུལ་ཐད་ནས་རོགས་སྐྱོར་བྱེད་པའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་པ།

    “འགན་ལེན་གསུམ”གྱི་སྲིད་ཇུས་དང་འདྲ་བར་རང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་གོང་འཕེལ་དང་སྲིད་གཞུང་གིས་མ་དངུལ་གཏོང་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་བསྟུན་ནས་རང་ལྗོངས་ཀྱི་རིམ་ཁག་དང་རིགས་ཁག་གི་སློབ་གསོའི་རོགས་སྐྱོར་མ་ལག་ཀྱང་ཟམ་མི་ཆད་པར་འཐུས་ཚང་དུ་ཕྱིན་ཡོད།མིག་སྔར་རང་ལྗོངས་སུ་གཞི་རྩའི་ཆར་སློབ་ཞུགས་གོང་གི་སློབ་གསོ་ནས་རབ་འབྱམས་པ་དང་འབུམ་རམས་པའི་ཞིབ་འཇུག་སློབ་མ་བཅས་དུས་མཚམས་ཀྱི་སློབ་མར་ཁྱབ་པའི་མ་དངུལ་ཐད་ནས་རོགས་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་བཙུགས་ཡོད་པ་རེད།

    2011ལོའི་ཟླ་1ཚེས་1ཉིན་ནས་བཟུང་རང་ལྗོངས་ཀྱི་སློབ་གྲྭར་ཡོད་མུས་ཀྱི་ཞིང་འབྲོག་པའི་བུ་ཕྲུག་ཡོངས་ལ་འོས་འགན་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་དོན་འཁྱོལ་ཐུབ་པ་དང་དུས་མཚུངས་མཐོ་རིམ་སློབ་འབྲིང་དཀྱུས་མ་དང་འབྲིང་རིམ་ལས་རིགས་སློབ་གསོའི་དུས་མཚམས་ཀྱི་གཞུང་བཙུགས་སློབ་གྲྭ་དང་དེ་བཞིན་རང་སྐྱོང་ལྗོངས་སློབ་གསོ་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་དབང་ཆ་སྤྲད་པའི་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོའི་ལས་འགན་འཁུར་མཁན་དམངས་བཙུགས་སློབ་གྲྭའི་སློབ་གྲྭར་ཡོད་མུས་ཀྱི་ཞིང་འབྲོག་པའི་བུ་ཕྲུག་རྣམས“འགན་ལེན་གསུམ”གྱི་སྲིད་ཇུས་ལག་ལེན་བསྟར་ཁོངས་སུ་བཅུག་ཡོད་པ་རེད།2012ལོའི་སྟོན་དུས་ཀྱི་སློབ་འགོ་ཚུགས་པ་ནས་བཟུང“འགན་ལེན་གསུམ”གྱི་ཚད་གཞི་ལྟར་རང་ལྗོངས་ཀྱིས་གཞུང་ལམ་བདག་སྐྱོང་ལས་བཟོའི་བུ་ཕྲུག་ལ་སློབ་ཞུགས་གོང་ནས་མཐོ་རིམ་སློབ་འབྲིང་དུས་མཚམས་བར་གྱི་སློབ་གསོའི་སློབ་ཞུགས་ཀྱི་ཁ་གསབ་སྲིད་ཇུས་ལག་ལེན་བསྟར་ཡོད་པ་རེད།

    2012ལོའི་སྟོན་དུས་ཀྱི་སློབ་འགོ་ཚུགས་པ་ནས་བཟུང་།རང་སྐྱོང་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་སློབ་ཞུགས་གོང་གི་ལོ་གསུམ་རིང་གི་རིན་མེད་སློབ་གསོའི་སྲིད་ཇུས་ལག་ལེན་བསྟར་བ་དང་ལོ་རེར་སློབ་མ་རེར་ཆ་སྙོམས་རིན་མེད་ཚད་གཞི་སྒོར་3600ཟིན་གྱི་ཡོད་པ་རེད།སྟོན་དུས་ཀྱི་སློབ་འགོ་ཚུགས་སྐབས་གྲོང་ཁྱེར་དང་གྲོང་རྡལ་གྱི་སློབ་ཞུགས་གོང་གི་རིན་མེད་སློབ་གསོའི་མ་དངུལ་སྒོར་ཁྲི་6849སྤྲད་པས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་ཞུགས་གོང་གི་བྱིས་པ་38061ལ་ཕན་པ་ཐོབ་ཡོད་པ་རེད།ད་ཆ་རང་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་སྔོན་དུ་ཞིང་ཆེན་ཁྱབ་ཁོངས་ནང་ལོ་15ཡི་རིན་མེད་སློབ་གསོ་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་ཡོད་པ་རེད།

    2012ལོར་རང་སྐྱོང་ལྗོངས་ཀྱིས་ཁྱིམ་ཚང་གི་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ཉིན་གང་ལམ་ལུགས་ཀྱི་འབུམ་རམས་པ་དང་ཞིབ་འཇུག་སློབ་མར་མ་དངུལ་ཐད་ནས་རོགས་སྐྱོར་བྱེད་པའི་སྲིད་ཇུས་ཞིབ་འཇུག་བྱས་ཏེ་བཏོན་པ་དང་ལོ་རེར་སློབ་མ་རེར་རོགས་སྐྱོར་མ་དངུལ་སྒོར་5000ཟིན་གྱི་ཡོད།ད་བར་ལྗོངས་ཡོངས་ཀྱིས་རིམ་རྩིས་ལྟར་ན་མ་དངུལ་ཐད་ནས་རོགས་སྐྱོར་བྱེད་པའི་སྲིད་ཇུས་ཁག(རྒྱལ་ཁབ་རིགས་ཀྱི་སྲིད་ཇུས་ཚུད)22བཏོན་ཡོད་པ་དང་སློབ་ཞུགས་གོང་གི་སློབ་གསོ་ནས་རབས་འབྱམས་པ་དང་འབུམ་རམས་པའི་ཞིབ་འཇུག་སློབ་མ་བཅས་དུས་མཚམས་ཀྱི་སློབ་མར་ཁྱབ་པའི་མ་དངུལ་ཐད་ནས་རོགས་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་བཙུགས་ཡོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001332350631