གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ ལྗོངས་ ཀྱི་ ལས་ བྱེད་ པ་ དང་ མང་ ཚོགས་ ཚོས་ ཀྲུའུ་ ཞི་ ཡུས་ ཀྲེང་ ཧྲེང་ གི་ གསུང་ བཤད་ གལ་ ཆེན་ གྱི་ དགོངས་ དོན་ སློབ་ སྦྱོང་ ནན་ ཏན་ བྱས་ པ།

 
2014-08-27        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཟླ་8ཚེས་25ཉིན་ཁ་གཏད་བོད་སྐྱོར་བྱས་ནས་ལོ་20འཁོར་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་།རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བརྙན་འཕྲིན་ཁ་པར་ཚོགས་འདུར་ཞུགས་པའམ་ཡང་ན་གསར་འགྱུར་མཉམ་བསྒྲགས་ལྟ་ཉན་གྱིས་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ནས་རང་འགུལ་ངང་གསུང་བཤད་ཀྱི་དགོངས་དོན་སྤྱད་དེ་བསམ་བློར་དྲག་ཆས་སྤྲོས་པ་དང་།ལག་ལེན་ལ་མཛུབ་ཁྲིད་བྱེད་པ།ལས་དོན་ལ་སྐུལ་མ་གཏོང་བ་བཅས་བྱས་ཏེ་བོད་ཀྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་རྒྱུན་སྲིང་བརྟན་ལྷིང་དང་།ཡུན་རིང་བརྟན་ལྷིང་།ཁྱོན་ཡོངས་ནས་བརྟན་ལྷིང་བཅས་ལ་སྐུལ་མ་ཧུར་ཐག་གཏོང་རྒྱུ་ཡིན་ཞེས་ཚང་མས་གཅིག་རྗེས་གཉིས་མཐུད་ངང་བཤད།

    ཚོགས་འདུ་གྲོལ་རྗེས་གཞིས་རྩེ་ས་ཨུད་ཀྱི་ཧྲུའུ་ཅི་བསྟན་འཛིན་རྣམ་རྒྱལ་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས།ལོ་20རིང་ཧྲང་ཧའེ་དང་།ཧྲན་ཏུང་།ཧེ་ལུང་ཅང་།ཅི་ལིན་བཅས་ཞིང་ཆེན་དང་གྲོང་ཁྱེར་བཞི་དང་པའོ་ཀང་ལྕགས་དང་ངར་ལྕགས་ཚོགས་པ་ཚད་ཡོད་ཀུང་སི་དང་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཚོགས་པ་ཀུང་སིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་ཀྱིས་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བོད་སྐྱོར་ལས་དོན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་།བོད་སྐྱོར་ལས་དོན་གྱི་བསམ་ཕྱོགས་གསལ་པོ་བཟོ་བ།བོད་སྐྱོར་ལས་དོན་སྒྲུབ་སྟངས་གསར་གཏོད་བཅས་བྱས་ཏེ་བོད་སྐྱོར་ལས་དོན་རྒྱ་ཆེ་ལ་གཏིང་ཟབ་སྤེལ་ནས་གཞིས་རྩེའི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་མ་ནུས་ལྡན་བཏང་ཐོག་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་བརྗོད།མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཚོགས་འདུའི་ལྟེ་གནས་སུ་ཧོ་པེ་དང་ཧྲའན་ཤིས་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་དང་དེ་བཞིན་ས་ཁུལ་གྱི་ཚན་ཁག་ཆེ་གྲས་བཞིའི་འགོ་ཁྲིད་གཙོ་བོ་ཁ་གཏད་བོད་སྐྱོར་བྱས་ནས་ལོ་20འཁོར་བའི་བརྙན་འཕྲིན་ཁ་པར་ཚོགས་འདུར་ཞུགས་ཤིང་།ཧྲའན་ཤིས་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བདུན་པའི་ལས་བྱེད་པ་དང་ས་ཁུལ་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལུའུ་དབྱི་ཡིས་ཁ་གཏད་བོད་སྐྱོར་བྱས་ནས་ལོ་20འཁོར་བའི་དྲན་གསོ་དང་རྟེན་འབྲེལ་ཞུ་རིན་ཡོད་པའི་ཉིན་མོ་དེར་བོད་སྐྱོར་ལས་བྱེད་པ་ཞིག་ཡིན་པའི་རང་ཉིད་དགའ་སྤྲོ་དཔག་མེད་བྱུང་།ང་ཚོས་ངེས་པར་དུ་ད་རེས་ཀྱི་ཚོགས་འདུ་དང་ལྷག་པར་དུ་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་རང་འགན་གཙང་སྒྲུབ་དང་མཐའ་མཚམས་སུ་གཞི་ཚུགས་ཏེ་མངའ་རིས་རང་ཉིད་ཀྱི་ཕ་ཡུལ་གཉིས་པར་བརྩིས་ནས་བོད་སྐྱོར་ལས་དོན་གྱི་ལས་འགན་དང་དམིགས་ཚད་ཁག་ལེགས་གྲུབ་ནན་ཏན་གྱིས་མངའ་རིས་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་བ་བྱེད་ཀྱི་ཡིན་ཞེས་བརྗོད།

    ལྷོ་ཁ་ས་ཁུལ་གྱི་རོགས་སྐྱོར་དང་ལེན་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པར་ཁ་གཏད་བོད་སྐྱོར་བྱས་ནས་ལོ་20རིང་ཧུའུ་ནན་དང་།ཧུའུ་པེ།ཨན་ཧུའེ་བཅས་ཞིང་ཆེན་གསུམ་དང་དེ་བཞིན་ཀྲུང་གོ་འབྲུ་རིགས་ཚོགས་པ་ཚད་ཡོད་ཀུང་སིས་མ་དངུལ་དང་།ལག་རྩལ།སྒྲིག་ཆས།མི་ཤུགས་སོགས་འབོར་ཆེན་བཏང་ནས་བོད་སྐྱོར་བྱ་ཤུགས་ཆེ་རུ་བཏང་སྟེ་བོད་སྐྱོར་བྱེད་སྟངས་གསར་གཏོད་བྱེད་པ་དང་།བོད་སྐྱོར་གྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ།བོད་སྐྱོར་གྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་ཀྱི་ཐོག་ནས་དཔལ་འབྱོར་དང་།ཚན་རྩལ།སློབ་གསོ།འཕྲོད་བསྟེན།ལས་ཞུགས་སོགས་ཐད་ཀྱི་བོད་སྐྱོར་ལས་དོན་ཤུགས་ཆེན་སྤེལ་བ་རེད།ལོ་20རིང་རིམ་རྩིས་ལྟར་ན་མ་དངུལ་སྒོར་དུང་ཕྱུར་27.04བཏང་ནས་རྣམ་གྲངས་900ལྷག་ཙམ་ལག་བསྟར་བྱས་ཡོད་ཅེས་བཤད།

    ཧྲེན་དབྱང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བདུན་པའི་རུ་སྣེ་ཁྲིད་མཁན་ཨ་མདོ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲང་དབན་ཏུང་གིས་མཛུབ་ཁྲིད་བསམ་བློ་དེ་ལས་བོད་སྐྱོར་མ་དངུལ་གྱི་སྤྱོད་ཡུལ་སྔར་བས་ཁ་གསལ་བྱུང་བ་དང་བོད་སྐྱོར་མ་དངུལ་དེ་དག་གིས་ཨ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་ཐོན་ཡོད།ཨ་མདོ་རྫོང་གི་ཡུན་རིང་འཕེལ་རྒྱས་ཀྱི་འཐབ་ཇུས་རང་བཞིན་གྱི་རྣམ་གྲངས་དེ་རྫོང་ནོར་སྲིད་ཁོ་ནར་བརྟེན་ན་གཏན་ནས་མི་འགྲིག་པ་དང་རྒྱལ་ཁབ་ཀྱི་རྣམ་གྲངས་བརྩོན་ལེན་བྱ་རྒྱུ་ཁོ་ནར་བརྟེན་ནའང་དུས་ཐུང་ནང་དཀའ་ངལ་ཆེན་པོ་འཕྲད་སྲིད་པས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་དེང་གི་དུས་སུ་རོགས་སྐྱོར་དང་ཁྲོམ་རའི་དཔལ་འབྱོར་ཕན་ཚུན་ཟུང་འབྲེལ་གྱི་ལམ་བུའི་ཐོག་བསྐྱོད་ཚེ་གཞི་ནས་རོགས་སྐྱོར་མ་དངུལ་གྱི་ཡོང་ཁུངས་ཐག་གཅོད་ཐུབ་སྟེ་བོད་སྐྱོར་མ་དངུལ་ཇི་ཙམ་ཡོད་རུང་བེད་སྤྱོད་བྱེད་སྐབས་གཙོ་བོ་དམངས་འཚོར་ཕྱོགས་ནས་དམངས་འཚོ་འགན་ལེན་བྱས་ཚེ་གཞི་ནས་དམངས་སེམས་གཅིག་ཏུ་སྒྲིལ་ཐུབ་ཅེས་བརྗོད།

    ཚོགས་འདུའི་ཐོག“བོད་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུལ་ཡོལ་ཞིག་ཡིན་ལ་ཨེ་ཤེ་ཡའི་ཆུ་འདྲེན་མཐོ་ལྕོག་ཅིག་ཀྱང་ཡིན”ཞེས་བསྐྱར་བསྒྲགས་བྱས་ཡོད་པས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་ནི་བོད་འཕེལ་རྒྱས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན།ཧྥང་ཝུའེ་ཕུང་ནི་ལྷ་རི་རྫོང་གི་བོད་སྐྱོར་ལས་བྱེད་པ་ཞིག་ཡིན་ཞིང་།ཁོང་གིས་བོད་ཀྱི་སྣོད་བཅུད་ཉམས་ཞན་ཡིན་པས་རྣམ་གྲངས་གང་རུང་ཞིག་ལག་བསྟར་བྱེད་པར་སྔོན་ལ་ཁོར་ཡུག་ལ་ཤུགས་རྐྱེན་གང་འདྲ་ཡོང་མིན་ཐད་གདེང་འཇོག་བྱེད་དགོས།ལྷ་རི་རྫོང་གི་སྨི་ཏི་ཁ་འདམ་ར་ནི་ལྷ་ས་སྐྱིད་ཆུའི་ཆུ་འགོ་ཡིན་པས་སྨི་ཏི་ཁ་འདམ་རར་སྲུང་སྐྱོང་བྱ་ཤུགས་ཆེ་རུ་གཏོང་རྒྱུ་དེས་ལྷ་ས་སྐྱིད་ཆུ་རྒྱུག་ཁུལ་ཡོངས་ཀྱི་སྣོད་བཅུད་དོ་སྙོམས་ཡོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པའི་ངོས་འཛིན་བྱས།

    1994ལོར་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་ནས“ཡུག་བགོས་འགན་འཁུར་དང་།ཁ་གཏད་རོགས་སྐྱོར།དུས་བཀག་རེས་སྐོར”བཅས་ཀྱི་ཁ་གཏད་བོད་སྐྱོར་གྱི་འཐབ་ཇུས་གལ་ཆེན་བཏིང་སྟེ་ཞིང་ཆེན་དང་གྲོང་ཁྱེར་15ཡིས་ལོ་10ཡི་རིང་ཁ་གཏད་བོད་སྐྱོར་བྱ་ཡུལ་རྫོང་44དང་ཞིང་ཆེན་དང་གྲོང་ཁྱེར་ཁག་དང་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱིས་བོད་སྐྱོར་རྣམ་གྲངས་ཁག་62གཏན་འཁེལ་བཟོས་ནས་བསྡོམས་མ་དངུལ་སྒོར་དུང་ཕྱུར་48.6བཏང་ཡོད།ད་ཆ་རྒྱལ་ཡོངས་སུ་ཞིང་ཆེན་དང་གྲོང་ཁྱེར་17དང་ཀྲུང་དབྱང་ཁེ་ལས་17དང་དེ་བཞིན་ཀྲུང་དབྱང་རྒྱལ་ཁབ་པུའུ་ཨུད་ཀྱིས་ཁ་གཏད་བོད་སྐྱོར་བྱེད་བཞིན་ཡོད་པ་རེད། 

མཛའ་འབྲེལ་དྲ་བ།
010020070840000000000000011100001335873421