གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བོད་ ཀྱི་ ཕུལ་ བྱུང་ དགེ་ རྒན་ བསྟན་ འཛིན་ ཚེ་ རིང་ གིས་ དགེ་ རྒན་ ནི་ ཆེས་ བླ་ ན་ མེད་ པའི་ ལས་ རིགས་ ཤིག་ རེད་ ཅེས་ བརྗོད་ པ།
2014-09-11        གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    “སློབ་མ་ཚོས་དཀར་གཙང་གི་ཁ་བཏགས་རང་ཉིད་ལ་གཡོག་པ་དང་སློབ་ཆེན་དུ་རྒྱུགས་འཕྲོད་པའི་སློབ་བསྡུའི་བརྡ་ཐོ་འཁྱེར་ནས་རང་ཉིད་ལ་བསྟན་པ། དེ་བཞིན་རང་ཉིད་ལ་ཕྱོགས་བཞི་མཚམས་བརྒྱད་ནས་བསྐུར་ཡོང་བའི་བཀྲ་ཤིས་སྨོན་ཚིག་འབྱོར་བ་བཅས་ཀྱི་སྐབས་སུ་ང་རང་དགེ་རྒན་བྱས་པའི་བདེ་སྐྱིད་ཆེ་ཤོས་ནི་དེ་དག་རང་རེད་བསམ་གྱི་འདུག”ཅེས་ལྷ་སའི་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གི་དགེ་རྒན་བསྟན་འཛིན་ཚེ་རིང་གིས་སེམས་འགུལ་ཐེབས་པའི་ངང་བརྗོད། དགེ་རྒན་དུས་ཆེན་ཐེངས་30པའི་སྐབས་འདིར་བསྟན་འཛིན་ཚེ་རིང་ལ་སློབ་མ་ཚོའི་བཀྲ་ཤིས་སྨོན་ཚིག་འབྱོར་བ་ཙམ་མ་ཟད་ད་དུང་བོད་ཀྱི་ཕུལ་བྱུང་དགེ་རྒན་གྱི་གཟི་བརྗིད་མཚན་སྙན་ཡང་ཐོབ་ཡོད།

    “དབུལ་པོའི་ཁྱིམ་ཚང་དུ་སྐྱེས་པའི་ང་རང་གི་ངོས་ནས་བརྗོད་ན་ཆུང་དུས་ནས་དགེ་རྒན་ནི་ཆེས་བླ་ན་མེད་པའི་ལས་རིགས་ཤིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་ལ། མི་དམངས་ཀྱི་དགེ་རྒན་ཞིག་ཏུ་འགྱུར་བ་བྱ་རྒྱུ་ནི་ང་རང་ཆུང་བྱིས་པའི་དུས་ཀྱི་ཕུགས་བསམ་ཡིན”ཞེས་བསྟན་འཛིན་ཚེ་རིང་གིས་བརྗོད་པ་དང་། སྨི་གཅིག་ཙམ་གྱི་འཆད་འཁྲིད་སྟེགས་བུའི་ཐོག་ཏུ་སྐྱོད་སྐབས་བསྟན་འཛིན་ཚེ་རིང་གིས་ཕྲག་སྟེང་གི་འགན་འཁྲི་ཚོར་སྣང་བྱུང་ཡོད་ལ་སློབ་མ་ཚོའི་རེ་བས་ཁེངས་པའི་མིག་ཟུང་ལས་ཁོང་གིས་ཕུགས་འདུན་ཡང་མཐོང་ཡོད།

    བསྟན་འཛིན་ཚེ་རིང་དང་འདྲ་བར་དགེ་རྒན་བྱེད་པ་དེ་བདེ་སྐྱིད་དུ་འཛིན་པའི་སྐལ་བཟང་བདེ་སྐྱིད་ནི་བོད་ལྗོངས་མེ་ཏོག་རྫོང་སྤང་ཞིང་ཤང་སློབ་ཆུང་གི་དགེ་རྒན་ཞིག་ཡིན་པ་དང་། སློབ་ཆེན་འཐོན་རྗེས་སྐབས་དེ་དུས་ད་དུང་གཞུང་ལམ་ཤར་གཏོང་ཐུབ་མེད་པའི་ཕ་ཡུལ་དུ་ལོག་ནས་དགེ་རྒན་བྱ་རྒྱུ་བདམས་ཡོད། “ང་རང་དགེ་རྒན་བྱེད་འདོད་ཡོད་ལ་འདི་གའི་ཕྲུ་གུ་ཚང་མ་སློབ་གྲྭར་འགྲོ་ཐུབ་པ་བྱ་རྒྱུ་ཡིན”སྐལ་བཟང་བདེ་སྐྱིད་ཀྱིས་དེ་ལྟར་བརྗོད་ཡོད་ལ་དེ་ལྟར་དོན་གཉེར་བྱས་ཡོད། ཕྲུ་གུ་རྣམས་སློབ་གྲྭ་ཡོད་པར་འགྲིམ་ཐུབ་པ་དང་བདེ་འཇགས་ངང་སློབ་གྲྭར་འགྲོ་ཐུབ་ཆེད་ཁོ་མོས་གཡང་གཟར་འགྲམ་རྒྱུད་ཀྱི་ལམ་ཆུང་ཐོག་རྒྱུན་དུ་ཕར་འགྲོ་ཚུར་འོང་བྱས་ནས་སློབ་མ་སྲུང་སྐྱེལ་བྱེད་ཀྱི་ཡོད། དུས་ཡུན་ལོ་14རིང་སྐལ་བཟང་བདེ་སྐྱིད་ཀྱིས་སྤང་ཞིང་ཤང་གི་གྲོང་ཚོ་ཚང་མར་བསྐྱོད་པ་དང་སློབ་མ་40ལྷག་ཙམ་ལ་ཁ་ཏ་བསླབ་བྱ་བརྒྱབ་ནས་སློབ་གྲྭར་ལོག་ཐུབ་པ་བྱུང་ཁར་ཕྲུ་གུ་200ལྷག་ཙམ་ཕ་ཡུལ་ནས་ཕྱིར་བསྐྱེལ་ཐུབ་ཡོད།

    སྐལ་བཟང་བདེ་སྐྱིད་ནི་རི་ཁུག་གི་ཕུགས་བསམ་སྲུང་མཁན་ཞིག་ཡིན་པ་དང་གྲོང་གསེབ་ཀྱི་དགེ་རྒན་མཛེས་ཤོས་ཡིན་ལ་བོད་ཀྱིས་དགེ་རྒན་གྱི་ཀུན་སྤྱོད་དང་གོམས་སྲོལ་འཛུགས་སྐྱོང་བྱེད་པའི་བསྡུས་རིས་ཤིག་ཀྱང་ཡིན། ཉེ་བའི་ལོ་ཤས་ནང་བོད་ཀྱི་རྒྱ་ཆེའི་དགེ་རྒན་ཚོས་རང་ཉིད་ཀྱི་ཡོན་ཏན་དང་སྤྱོད་ལམ་ལ་བརྟེན་ནས་སློབ་མ་ཁྱུ་དང་ཁྱུ་ཡི་མི་ཚེའི་འགྲོ་ལམ་གསལ་བར་བྱས་པ་དང་། མ་ཟད“རྒྱལ་ཡོངས་ཀྱི་སློབ་གསོའི་དཔེ་བཟང་བ”བུ་ཆུང་དང་ཀྲུང་གོའི་སློབ་གསོའི་ལོ་འཁོར་གྱི་གསར་འགྱུར་མི་སྣ་ཡོན་ཏན། རྒྱལ་ཡོངས་ཀྱི་དགེ་རྒན་གྱི་ཀུན་སྤྱོད་ཚད་འཛིན་མ་ཟླ་བ་སྒྲོལ་མ་སོགས་སྔོན་ཐོན་དཔེ་བཟང་བ་མང་པོ་ཞིག་ཟམ་མི་ཆད་པར་ཐོན་ཡོད། དགེ་རྒན་དུས་ཆེན་ཐེངས་30པ་སླེབས་པའི་མཚམས་འདིར་བོད་ཀྱི་སློབ་གསོའི་ཁོང་གཏོགས་ཀྱི་ཚན་པ་9དང་དགེ་རྒན་19ལ་གཟི་བརྗིད་ལྡན་པའི་རྒྱལ་ཡོངས་ཀྱི་གཟེངས་བསྟོད་ཐོབ་ཡོད།

    ཉེ་བའི་ལོ་ཤས་ནང་བོད་ཀྱི་ས་ཆ་ཁག་ཏུ་དགེ་རྒན་གྱི་གླ་ཕོགས་དང་ཐོབ་ཐང་དོན་འཁྱོལ་ལེགས་པོ་ཏན་ཏིག་བྱས་པ་ཕུད་ད་དུང་འདི་ལོ་ནས་བཟུང་གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ་སྲིད་ཇུས་ལག་ལེན་བསྟར་བས་ཕན་པ་ཐོབ་པའི་དགེ་རྒན་ཁྲི་1ལྷག་ཙམ་ཟིན་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”ནང་ཚུན་དུ་བོད་ཀྱིས་ས་མཐོ་ལ་གྲང་ངར་ཆེ་བའི་ཐག་རིང་དཀའ་ངལ་ཁུལ་གྱི་དགེ་རྒན་གྱི་འཁོར་རྒྱུག་སྡོད་ཁང་5600ལྷག་ཙམ་བསྐྲུན་པས་ཞིང་འབྲོག་ཁུལ་གྱི་དགེ་རྒན་གྱི་ལས་ཀ་དང་འཚོ་བའི་མཐུན་རྐྱེན་ལེགས་སུ་ནུས་ལྡན་བཏང་ཡོད།

    བོད་ལྗོངས་སློབ་གསོ་ཐིང་གི་གྲངས་གཞི་ལས་གསལ་བར། ཉེ་བའི་ལོ་ཤས་ནང་བོད་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭར་ལོ་ལྟར་ཧ་ལམ་དགེ་རྒན་2000གསར་དུ་ཁ་གསབ་བྱས་པ་དང་། ལས་གནས་ཐོག་ཞུགས་པའི་ཆེད་འགན་འཁུར་བའི་དགེ་རྒན་མི་ཁྲི་4.1ཟིན་ཞིང་། དེའི་ཁྲོད་སྐད་གཉིསབོད་རྒྱ་སྐད་ཡིག་གཉིསདགེ་རྒན་མི་ཁྲི་2.89ཡོད་པ་དང་དགེ་རྒན་སྤྱིའི་གྲངས་ཚད་ཀྱི་བརྒྱ་ཆ་78ཟིན་ཡོད། རིམ་པ་ཁག་དང་རིགས་ཁག་གི་དགེ་རྒན་གྱི་སློབ་རྒྱུས་ཚད་ལོན་ཚད་བརྒྱ་ཆ་90ལས་བརྒལ་བ་དང་། དགེ་རྒན་གྱི་གྲངས་ཚད་དང་སློབ་ཚན་གྱི་གྲུབ་ཆས་གཞི་རྩའི་ཆར་རྒྱུན་གཏན་གྱི་སློབ་ཁྲིད་དགོས་མཁོ་བསྐངས་ཐུབ་ཡོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001336348371