གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། པཎ་ ཆེན་ ཨེར་ ཏེ་ ནི་ ཆོས་ ཀྱི་ རྒྱལ་ པོའི་ ནང་ བསྟན་ དང་ སྤྱི་ ཚོགས་ ཀྱི་ མཛད་ སྒོ་ ཁག་ ཐུགས་ གྲ་ ལེགས་ འགྲིག་ བྱུང་ སྟེ་ བོད་ ནས་ ཞལ་ གྱེས་ ཏེ་ པེ་ ཅིང་ དུ་ ཕྱིར་ ལོག་ གནང་ བ།
2014-10-09        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་འདི་ལོ་གཞིས་རྩེར་ཟླ་བ་གསུམ་ཙམ་གྱི་ནང་བསྟན་དང་སྤྱི་ཚོགས་ཀྱི་མཛད་སྒོ་ཁག་ཐུགས་གྲ་ལེགས་འགྲིག་བྱུང་ནས་ཉེ་ཆར་བོད་ནས་ཞལ་གྱེས་ཏེ་པེ་ཅིང་དུ་ཕྱིར་ལོག་གནང་། པཎ་ཆེན་རིན་པོ་ཆེ་གཞིས་རྩེའི་ས་ཕྱོགས་གང་དུ་ཕེབས་ཀྱང་རྒྱ་ཆེའི་སེར་སྐྱ་དད་ལྡན་མང་ཚོགས་ཚོའི་ལྷག་བསམ་ཟོལ་མེད་ཀྱི་དད་པ་དང་སྙིང་དབུས་ནས་བརྩི་བཀུར་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣའི་གདེང་འཇོག་ཡག་པོ་རྒྱ་ཁྱབ་དང་ཚད་མཐོའི་བསྔགས་བརྗོད་ཐོབ་ཡོད། མགོན་པོ་བཀྲ་ཤིས་དང་། བསྟན་འཛིན་རྣམ་རྒྱལ། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། བློ་བཟང་འགྱུར་མེད། ས་ལུང་ཕུན་ལགས་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་པཎ་ཆེན་རིན་པོ་ཆེ་གཞིས་རྩེའི་མཛད་སྒོ་ཁག་ལ་ཕེབས་རོགས་དང་འབྲེལ་གནམ་ཐང་དུ་ཕེབས་སྐྱེལ་ཡང་ཞུས།

    ཟླ་7ཚེས་17ཉིན་པཎ་ཆེན་རིན་པོ་ཆེ་གཞིས་རྩེ་གྲོང་ཁུལ་དུ་ཕེབས་འབྱོར་ཟིན་སྐབས་གཞིས་རྩེ་ས་ཁུལ་གྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་དང་སེར་སྐྱ་མང་ཚོགས་ཚོའི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ། ཆུ་ཚོད་13ཡོལ་ཙམ་ལ་བཀྲས་ལྷུན་དགོན་དུ་དུང་དང་རྒྱ་གླིང་གི་སྒྲ་གྲགས་པ་དང་དུ་བསང་ལང་ལོང་དུ་འཕྱུར་བཞིན་དུ་གྲྭ་དམངས་ཀྱིས་ཆོས་ལུགས་ཀྱི་མཛད་སྒོ་གཟབ་རྒྱས་ཀྱི་ཐོག་ནས་པཎ་ཆེན་རིན་པོ་ཆེར་ཕེབས་བསུ་ཞུས། བཀྲས་ལྷུན་དགོན་གྱི་སེར་སྦྲེང་གི་ཕེབས་བསུའི་ཁྲོད་པཎ་ཆེན་རིན་པོ་ཆེ་འཛུམ་དམུལ་དམུལ་ངང་སྐལ་བཟང་གླིང་ནས“རྒྱལ་སྐྱོང་འགྲོ་ཕན”གྱི་ཕྱག་བྲིས་ཕྱག་བསྟར་མ་ཡོད་པའི་སྒོ་བན་བཀལ་བའི་ཚོགས་ཆེན་འདུ་ཁང་བར་དལ་བུར་ཕེབས་པ་དང་རྟེན་གཙོ་ཤཱཀྱ་མུ་ནེ་དང་བོད་བརྒྱུད་ནང་བསྟན་རི་བོ་དགེ་ལུགས་པའི་སྲོལ་གཏོད་པ་རྗེ་ཙོང་ཁ་པའི་སྐུ་བརྙན་མདུན་དུ་སྐུ་ཕྱག་ཕུལ་བ་དང་འབྲེལ་གྲྭ་དམངས་དང་ལྷན་དུ་བསྔོ་སྨོན་ཆུ་ཚོད་ཕྱེད་ཀ་ཙམ་གནང་རྗེས་བླ་བྲང་དུ་ཕྱིར་ལོག་གནང་། ཕྱི་དྲོ་གཟིམ་ཆུང་ཉི་འོད་འཁྱིལ་དུ་པཎ་ཆེན་རིན་པོ་ཆེས་བཞུགས་ཁྲིར་བཞུགས་ཏེ་བཀྲས་ལྷུན་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གི་དགེ་འདུན་པའི་ཁོངས་མི་དང་སྐྱེས་ཆེན་ཚོའི་མཇལ་ཁ་དང་ལེན་གནང་།

    ཟླ་7ཚེས་20ཉིན་པཎ་ཆེན་རིན་པོ་ཆེ་བཀྲས་ལྷུན་དགོན་གྱི་ཐོས་བསམ་གླིང་གྲྭ་ཚང་དུ་ཕེབས་ཏེ་གྲྭ་ཚང་ལ་རབ་གནས་དང་འབྲེལ་སྨོན་ལམ་ཡང་འཚོགས།ཐོས་བསམ་གླིང་གྲྭ་ཚང་འདུ་ཁང་གི་དབུས་སུ་ཡོད་པའི་བཞུགས་ཁྲིའི་ཐོག་པཎ་ཆེན་རིན་པོ་ཆེ་བཞུགས་ཏེ་གྲྭ་དམངས་དང་ལྷན་དུ་བསྔོ་སྨོན་གནང་། ཆུ་ཚོད་བཞི་ལྷག་ཙམ་རིང་པཎ་ཆེན་རིན་པོ་ཆེ་ཞལ་འདོན་གྱི་གསུང་སྒྲ་གསལ་ལ་ཕྱག་རྒྱ་བྱང་ཆུབ་པས་རྣམ་པར་དག་པའི་ཤཱཀྱའི་སློབ་མ་དང་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཆེན་པོའི་སྐུ་ཡོན་དང་བློ་སྦྱོང་མངོན།

    ཟླ་7ཚེས་21ཉིན་ཕྱག་ཏུ་བསང་ཕོར་བསྣམས་པའི་བླ་མ་དང་གྲྭ་དམངས་ཀྱི་ཕེབས་རོགས་འོག་པཎ་ཆེན་རིན་པོ་ཆེ་སྔ་རྟིང་དུ་བཀྲས་ལྷུན་དགོན་བཀྲ་ཤིས་རྣམ་རྒྱལ་གདུང་རྟེན་ལྷ་ཁང་དང་། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའི་གདུང་རྟེན་ལྷ་ཁང་སྲིད་གསུམ་རྣམ་རྒྱལ། བྱམས་ཁང་སོགས་སུ་གནས་མཇལ་གནང་བ་དང་། གང་དུ་ཕེབས་ཀྱང་པཎ་ཆེན་རིན་པོ་ཆེས་བསྔོ་སྨོན་གནང་བ་དང་འབྲེལ་སྐུ་འདྲ་དང་གདུང་རྟེན་ལ་སྙན་ཤལ་ཕུལ།ཉིན་དེར་བཀྲས་ལྷུན་དགོན་དུ་པཎ་ཆེན་རིན་པོ་ཆེས་གནས་མཇལ་གནང་སྐབས་དད་ལྡན་མང་ཚོགས་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཆིག་སྟོང་ཙམ་གྱིས་པཎ་ཆེན་རིན་པོ་ཆེའི་མཇལ་ཁ་སྒུག་པ་དང་པཎ་ཆེན་རིན་པོ་ཆེས་དད་ལྡན་མང་ཚོགས་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་ཕྱག་དབང་གནང་ནས་ཚང་མའི་མཇལ་ཁ་ཞུ་བའི་བསམ་འདུན་བསྐངས།

    གཞིས་རྩེར་བཞུགས་རིང་བཀྲས་ལྷུན་དགོན་དང་ས་སྐྱ་དགོན་གྱིས་ཆོས་ཀྱི་ཆོ་ག་ལྟར་པཎ་ཆེན་རིན་པོ་ཆེ་དགུང་སྐེག་ཞི་བ་དང་སྐུ་ཚེ་ཞབས་པད་བརྟན་པའི་ཞབས་བརྟན་གྱི་ཚོགས་འཚོགས།ཚོགས་ཚོགས་ཡུལ་བཀྲས་ལྷུན་དགོན་དང་ས་སྐྱ་དགོན་གྱི་གྲྭ་དམངས་ཀྱིས་བཞུགས་ཁྲིའི་ཐོག་ཡོད་པའི་པཎ་ཆེན་རིན་པོ་ཆེར་མཎྜལ་རྟེན་གསུམ་སོགས་ཕུལ། དེ་རྗེས་ཆུ་ཚོད་བཞི་ཙམ་རིང་གྲྭ་དམངས་ཀྱིས་ཞལ་འདོན་བྱས་ནས་པཎ་ཆེན་རིན་པོ་ཆེ་སྐུ་དཀྱིལ་གསལ་དྭངས་དང་མཛད་འཕྲིན་རྒྱས་པོ་ཡོང་བའི་སྨོན་འདུན་ཞུས། ཚོགས་གྲོལ་ཁར་སེར་སྐྱ་དད་ལྡན་མང་ཚོགས་ཚོས་ད་དུང་པཎ་ཆེན་རིན་པོ་ཆེར་འབུལ་བ་ཕུལ་བ་དང་པཎ་ཆེན་རིན་པོ་ཆེས་སེར་སྐྱ་དད་ལྡན་མང་ཚོགས་ལ་ཕྱག་དབང་གནང་ནས་བསྔོ་སྨོན་གནང་།

    ཟླ་7ཚེས་25ཉིན་པཎ་ཆེན་རིན་པོ་ཆེ་བཀྲས་ལྷུན་དགོན་གྱི་པཎ་ཆེན་སྐུ་ཕྲེང་བཞི་པའི་གདུང་རྟེན་ལྷ་ཁང་དུ་བདེ་གསང་འཇིགས་གསུམ་གྱི་སྐུ་བརྙན་ལ་རབ་གནས་གནང་། ཉིན་དེའི་ཕྱི་དྲོ་པཎ་ཆེན་རིན་པོ་ཆེ་ད་དུང་བཀྲས་ལྷུན་དགོན་གྱི་སྔགས་པ་གྲྭ་ཚང་དུ་ཕེབས་ཏེ་རིགས་ལྔ་ཅོད་པཎ་བཞེས་ཏེ་བཞུགས་ཁྲིར་བཞུགས་ནས་སྦྱིན་བསྲེག་གནང་ནས་བགེགས་བར་མི་ཡོང་བ་གནང་། ཆུ་ཚོད་གཉིས་ལྷག་ཙམ་གྱི་སྦྱིན་བསྲེག་ཕུལ་རིང་པཎ་ཆེན་རིན་པོ་ཆེས་སྔ་ཕྱི་བར་གསུམ་དུ་འཛུམ་མདངས་རྒྱས་ཤིང་ཐུགས་སེམས་རྒྱས།

    ཟླ་7ཚེས་26ཉིན་ནས་ཟླ་9ཚེས་24ཉིན་བར་པཎ་ཆེན་རིན་པོ་ཆེ་སྔ་རྗེས་སུ་གཞིས་རྩེ་ས་ཁུལ་བཞད་མཐོང་སྨོན་རྫོང་བཀྲ་ཤིས་དགེ་འཕེལ་དགོན་གྲྭ་ཚང་དགོན། ས་སྐྱ་རྫོང་ས་སྐྱ་དགོན། རིན་སྤུངས་རྫོང་བྱམས་ཆེན་དགོན། རྣམ་གླིང་རྫོང་བདེ་ཆེན་ར་མོ་རྒྱལ་དགོན་དང་དགའ་ལྡན་ཆོས་འཁོར་གླིང་། གཞིས་རྩེ་གྲོང་ཁྱེར་ངོར་དགོན་བཅས་སུ་གནས་གཟིགས་གནང་བ་དང་འབྲེལ་ས་གནས་དེ་གའི་སེར་སྐྱ་དད་ལྡན་མང་ཚོགས་ཆིག་ཁྲི་ཙམ་ལ་ཕྱག་དབང་གནང་ནས་ཁོང་ཚོའི་བསམ་འདུན་ལེགས་པར་བསྐངས།

    དགོན་སྡེ་ཁག་ཏུ་གནས་གཟིགས་གནང་རིང་པཎ་ཆེན་རིན་པོ་ཆེ་སྐུ་ཡོན་ཆེ་བ་དང་ཁེངས་སྐྱུང་གཏམ་སྤྱོད་འཚམས་པས་དགོན་སྡེ་ཁག་གི་གྲྭ་བཙུན་དང་ས་གནས་དེ་གའི་དད་ལྡན་མང་ཚོགས་ཚོས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ཆེན་པོའི་མཛད་བཟང་གི་དཔལ་ལ་རོལ།གྲྭ་པ་ཚོས་པཎ་ཆེན་རིན་པོ་ཆེ་མཇལ་སྐབས་ཕྱག་འཚལ་བ་དང་། དད་ལྡན་མང་ཚོགས་ལ་རིན་པོ་ཆེའི་ཕྱག་དབང་ཐོབ་རྗེས་སེམས་འགུལ་ཚད་མེད་ཐེབས། བཞད་མཐོང་སྨོན་རྫོང་གི་སྣམ་བུ་དཀར་པོའི་བོད་ཆས་གྱོན་པ་དང་མ་ཎི་ལག་སྐོར་འཁྱེར་བའི་ལོ་84ལ་སླེབས་པའི་རྒད་པོ་བློ་བཟང་ཤེས་རབ་ཀྱིས་པཎ་ཆེན་རིན་པོ་ཆེའི་བཞུགས་ཁྲིའི་མདུན་དུ་བསྐྱོད་ནས་ཕྱག་དབང་ཞུས་པ་དང་འབྲེལ་རིན་པོ་ཆེར་རང་ཉིད་ཀྱི་མ་ཎི་ལག་སྐོར་ལ་རབ་གནས་ཞུས།རྒད་པོ་བློ་བཟང་ཤེས་རབ་ཀྱིས“དེ་རིང་པཎ་ཆེན་རིན་པོ་ཆེ་མཇལ་བ་དང་འབྲེལ་ཁོང་གི་རབ་གནས་དང་ཐུགས་སྨོན་ཐོབ་པས་ང་ཧ་ཅང་དགའ་པོ་བྱུང”ཞེས་བཤད།

    ཟླ་8ཚེས་29ནས་ཟླ་9ཚེས་13ཉིན་བར་བཀྲས་ལྷུན་དགོན་གྱི་རྒྱ་ཆེའི་གྲྭ་དམངས་ཀྱི་རེ་འདུན་ལྟར་པཎ་ཆེན་རིན་པོ་ཆེས་དགོན་པ་དེའི་ཚོགས་ཁང་དུ་བོད་བརྒྱུད་ནང་བསྟན་གྱི་གསང་སྔགས་ཀྱི“སྒྲུབ་ཐབས་རྒྱ་མཚོའི”དབང་བསྐུར་ནས་གྲྭ་དམངས་ཀྱི་ཤེས་རབ་འཕེལ་བ་གནང་། ཟླ་9ཚེས་18ཉིན་པཎ་ཆེན་རིན་པོ་ཆེས་བཀྲས་ལྷུན་དགོན་གྱི་སྐྱིད་སྐྱིད་ན་ཁར་སེར་སྐྱ་དད་ལྡན་མང་ཚོགས་ཆིག་ཁྲི་ལྷག་ཙམ་ལ་ཚེ་དབང་གནང་། ཆུ་ཚོད་བཅུ་པ་ཡོལ་ཙམ་ལ་ཚེ་དབང་གནང་འགོ་ཚུགས་པ་དང་པཎ་ཆེན་རིན་པོ་ཆེས་ཞལ་འདོན་གསུང་སྒྲ་གསལ་པོའི་ཐོག་ནས་ཚེ་གཟུངས་སྙིང་པོ་འདོན་ནས་སེར་སྐྱ་མང་ཚོགས་ཚོར་ལུས་སེམས་གཞི་དུལ་དང་འགྲོ་བ་རིགས་དྲུག་ལ་ཕན་པ་འདོགས་དགོས་པའི་བཀའ་སློབ་གནང་། དེ་རྗེས་པཎ་ཆེན་རིན་པོ་ཆེས་ཕྱག་རྒྱ་ཕྱག་ལེན་བྱང་ཆུབ་པའི་སྒོ་ནས་ལུང་གནང་བ་དང་གྲྭ་དམངས་ཚོས་ཐལ་མོ་སྦྱར་ནས་རྩེ་གཅིག་ཏུ་ཉན། ཆུ་ཚོད་12ཡོལ་ཙམ་ལ་ཆོ་ག་གྲུབ་རྗེས་པཎ་ཆེན་རིན་པོ་ཆེས་ཕྱག་ཏུ་ཚེ་བུམ་བསྣམས་ནས་བཞུགས་ཁྲི་ནས་བབས་ཏེ་འཛུམ་དམུལ་དམུལ་ངང་མདུན་གྲལ་གྱི་གྲྭ་དམངས་ཀྱི་དབུ་ལ་ཚེ་བུམ་བཞག་ནས་ཐུགས་སྨོན་གནང་རྗེས་དད་ལྡན་མང་ཚོགས་ལ་ཚེ་ཆུ་དང་ཚེ་རིལ་གནང་རྗེས་བླ་མ་སྐྱེས་ཆེན་གྱིས་པཎ་ཆེན་གྱི་ཕྱག་ནས་ཚེ་བུམ་བླངས་ཏེ་སྒོ་རའི་བྱང་དུ་ཡོད་པའི་འཇོག་སྟེགས་སུ་བཞག སྐབས་དེར་དད་ལྡན་མང་ཚོགས་ཚོས་གྲལ་སྟར་རིང་པོ་བསྒྲིགས་ཏེ་འཇོག་སྟེགས་འོག་ནས་བསྐྱོད་དེ་ཚེ་དབང་ཞུས།

    ཟླ་9ཚེས་25ནས་ཚེས་28ཉིན་བར་བཀྲས་ལྷུན་དགོན་གྱི་ལོ་གཅིག་དུས་གཅིག་གི་གཟིགས་མོ་ཆེ་མོ་ཡིན་ཞིང་པཎ་ཆེན་རིན་པོ་ཆེ་སྐྱིད་སྐྱིད་ན་ཁའི་སྒོ་རར་ཕེབས་ཏེ་དད་ལྡན་མང་ཚོགས་དང་མཉམ་དུ་འཆམ་སོགས་འཁྲབ་སྟོན་ལ་གཟིགས།

    གཞིས་རྩེར་བཞུགས་རིང་པཎ་ཆེན་རིན་པོ་ཆེས་ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་སྤེལ་བ་ཕུད་ད་དུང་སློབ་གྲྭ་དང་། སྨན་ཁང་། སྤྱི་ཚོགས་ཕན་བདེ་ཁང་། གྲོང་གསེབ།ཞིང་པའི་ཁྱིམ་ཚང་དཀྱུས་མ་བཅས་སུ་ཕེབས་ཏེ་བརྟག་ཞིབ་གནང་བ་དང་འབྲེལ་ཆོས་ཕྱོགས་ལས་རིགས་ཀྱི་མི་སྣ་དང་། སྲིད་གྲོས་ཨུ་ཡོན། བོད་སྐྱོར་ལས་བྱེད་སོགས་ལས་རིགས་ཁག་གི་མི་སྣ་དང་ཡོངས་ཁྱབ་ཏུ་སྤེལ་རེས་བཞུགས་མོལ་གནང་སྟེ་མི་དམངས་ཀྱི་འདོད་བློ་གསན་པ་དང་གནས་ཚུལ་དངོས་ཤེས་རྟོགས་གནང་སྟེ་སྲིད་གྲོས་ཨུ་ཡོན་གྱི་འགན་ནུས་ལེགས་པར་བསྒྲུབས།

    གཞིས་རྩེ་གྲོང་ཁྱེར་སྤྱི་ཚོགས་ཕན་བདེ་ཁང་གཉིས་པར་པཎ་ཆེན་རིན་པོ་ཆེས་དེར་འཚོ་བ་སྐྱེལ་བཞིན་པའི་མི་ཧྲེང་རྒན་རྒོན་93ལ་གཟིགས་པ་དང་། པཎ་ཆེན་རིན་པོ་ཆེས་ཐུགས་ཁུར་ཆེན་པོའི་སྒོ་ནས་ཟ་ཁང་དང་། སྨན་བཅོས་ཁང་། ཉལ་ཁང་སོགས་སུ་ཕེབས་ཏེ་རྒན་རྒོན་རྣམས་ཀྱི་རྒྱུན་གཏན་གྱི་འཚོ་བ་དང་སྨན་བཅོས་ཞབས་ཞུའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་། རྒན་རྒོན་རྣམས་ཀྱི་ཉལ་ཁང་དུ་པཎ་ཆེན་རིན་པོ་ཆེས་རྒན་རྒོན་དང་གླེང་མོལ་གནང་ནས་རྒན་རྒོན་རྣམས་ནད་མེད་ཚེ་རིང་དང་ཚེ་མཇུག་སྐྱིད་པོ་ཡོང་རྒྱུའི་སྨོན་འདུན་དང་ད་དུང་རྒན་རྒོན་རྣམས་ལ་ཕྱག་དབང་དང་མཇལ་མདུད་ཀྱང་གནང་།

    ཟླ་8ཚེས་6ཉིན་གཞིས་རྩེ་གྲོང་ཁྱེར་རྒྱ་མཚོ་གཞུང་ཤང་གཏེར་སྣ་གྲོང་ཚོའི་མང་ཚོགས་ཀྱིས་གཟབ་མཆོར་ལེགས་པར་སྤྲས་ཏེ་དགའ་ཚོར་ཆེན་པོས་ལག་ཏུ་ཁ་བཏགས་འཁྱེར་ཏེ་པཎ་ཆེན་རིན་པོ་ཆེར་ཕེབས་སྒུག་ཞུས། ཆུ་ཚོད་16ཙམ་ལ་པཎ་ཆེན་རིན་པོ་ཆེས་འཛུམ་དམུལ་དམུལ་ངང་ཞིང་པ་ཉི་མའི་ཁྱིམ་གྱི་སྒོ་འགྲམ་དུ་ཕེབས་པ་དང་དེར་ཕེབས་སྒུག་ཞུ་བཞིན་པའི་ཉི་མའི་ནང་མིས་གུས་བཀུར་ཆེན་པོས་པཎ་ཆེན་རིན་པོ་ཆེར་བཀྲ་ཤིས་བདེ་ལེགས་མཚོན་པའི་ཕྱེ་མར་ཕུལ་ཏེ་ནང་མི་རྣམས་ཀྱི་སྨོན་འདུན་མཚོན་པ་བྱས།ཡངས་ཤིང་དཀར་ཆ་དོད་པའི་བོད་བཟོའི་མགྲོན་ཁང་དུ་པཎ་ཆེན་རིན་པོ་ཆེས་བྱམས་བརྩེའི་ངང་ལོ་53ལ་སླེབས་པའི་ཉི་མ་དང་ཁྱིམ་ཚང་གི་འཚོ་བའི་གནས་ཚུལ་གླེང་།པཎ་ཆེན་རིན་པོ་ཆེས“ཁྱིམ་ལ་མི་ག་ཚོད་ཡོད་དམ” “ཐོག་བརྩེགས་ཉིས་ལྡན་གྱི་ཁང་པ་དེ་ཡག་པོ་འདུག་ལ་མཛེས་པོ་འདུག” “ན་ནིང་ཡོང་འབབ་གང་འདྲ་བྱུང་ངམ”ཞེས་གནས་ཚུལ་ཞིབ་ཕྲ་བཀའ་འདྲི་གནང་། ཁོང་གིས་ཉི་མའི་ནང་མིར“རང་ཉིད་ཕྱུག་པོ་ཆགས་པ་དང་དུས་མཚུངས་ཡུལ་མི་རྣམས་ལ་ཐོན་འཕར་འབབ་འཕར་ཡོང་རྒྱུར་རོགས་རམ་བྱས་ཏེ་འཚོ་བ་ལེགས་སུ་གཏོང་བ་དང་ཐུན་མོང་ཐོག་འབྱོར་ཕྱུག་ཕྱོགས་སུ་སྐྱོད་དགོས”ཞེས་གསུངས། ཞལ་བྲལ་སྐབས་པཎ་ཆེན་རིན་པོ་ཆེས་ད་དུང་ཉི་མའི་ནང་མི་དང་དྲན་རྟེན་སྐུ་པར་ཡང་བསྐྱོན། ཉིན་དེར་པཎ་ཆེན་རིན་པོ་ཆེས་ད་དུང་རྒྱ་མཚོ་གཞུང་ཤང་གཏེར་སྣ་གྲོང་ཚོའི་གྲོང་མི་བཀྲ་ཤིས་དང་དགྲ་འདུལ་གྲོང་ཚོའི་གྲོང་མི་རིག་འཛིན་དབང་ལགས་ཀྱི་ཁྱིམ་དུ་ཕེབས་ཏེ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ཤེས་རྟོགས་གནང་བ་དང་འབྲེལ་ས་གནས་དེ་གའི་དད་ལྡན་མང་ཚོགས་ཆིག་སྟོང་ཙམ་ལ་ཕྱག་དབང་ཡང་གནང་།

    རྣམ་གླིང་རྫོང་ཕྱོགས་བསྡུས་མཐོ་རིམ་སློབ་འབྲིང་དེ་2010ལོར་བཙུགས་པ་ནས་བཟུང་སློབ་ཁྲིད་སྤུས་ཚད་ལོ་རེ་བཞིན་མཐོ་རུ་སོང་ནས་ད་ལྟ་གཞིས་རྩེ་ས་ཁུལ་གྱི་གསར་དུ་བསྐྲུན་པའི་མཐོ་རིམ་སློབ་འབྲིང་བཞི་པོའི་ཁྲོད་ནས་མདུན་གྲལ་དུ་སླེབས་ཀྱི་ཡོད། ཟླ་8ཚེས་24ཉིན་པཎ་ཆེན་རིན་པོ་ཆེ་རྣམ་གླིང་རྫོང་ཕྱོགས་བསྡུས་མཐོ་རིམ་སློབ་འབྲིང་དུ་ཕེབས་ནས་བོད་སྐད་ཡིག་སློབ་དཔྱོད་ཁང་དང་།ཕྱོགས་བསྡུས་སློབ་ཁྲིད་ཐོག་ཁང་གི་དཔེ་དེབ་ལྟ་ཀློག་ཁང་། གློག་སྤྱད་སློབ་ཁྲིད་ཁང་། རོལ་དབྱངས་སློབ་ཁང་། མཛེས་རྩལ་སློབ་ཁང་བཅས་སུ་གཟིགས་སྐོར་གནང་། ཁོང་སློབ་ཚན་འཚོགས་བཞིན་ཡོད་པའི་སློབ་མའི་ཁྲོད་དུ་ཕེབས་ནས་སློབ་མ་ཚོར་ད་ལྟའི་དུས་སྐབས་བཟང་པོ་གཅེས་འཛིན་བྱས་ནས་སློབ་སྦྱོང་ལ་བརྩོན་འགྲུས་བྱས་ཏེ་ཕ་ཡུལ་འཕེལ་རྒྱས་དང་ཡར་རྒྱས་ཀྱི་འགན་འཁྲི་ལྕི་པོ་འཁུར་ཐུབ་པ་བྱེད་དགོས་ཞེས་སྐུལ་ལྕག་གནང་། པཎ་ཆེན་རིན་པོ་ཆེས་ད་དུང་སློབ་གྲྭའི་དགེ་སློབ་ཀྱི་རེ་འདུན་ལྟར་རང་ཉིད་ཀྱི་མཚན་ཡང་བྲིས།

    ཟླ་9ཚེས་19ཉིན་གྱི་སྔ་དྲོ་པཎ་ཆེན་རིན་པོ་ཆེ་གཞིས་རྩེ་ས་ཁུལ་སྨན་རྩིས་ཁང་དང་གཞིས་རྩེ་ས་ཁུལ་མི་དམངས་སྨན་ཁང་དུ་རྟོག་ཞིབ་གནང་བར་ཕེབས།ས་ཁུལ་སྨན་རྩིས་ཁང་དུ་པཎ་ཆེན་རིན་པོ་ཆེས་གཞིས་རྩེ་ས་ཁུལ་སྨན་རྩིས་ཁང་གི་བྱ་གཞག་འཕེལ་རྒྱས་དང་སྨན་ཁང་འཛུགས་སྐྲུན་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་དང་སྦྲགས་སྨན་ཁང་དེ་གའི་སྨན་ལུམས་དང་། དངོས་ལུགས་གསོ་བཅོས།བོད་སྨན་གྱི་ཁྱད་ལྡན་སྨན་བཅོས་ཁང་སོགས་སུ་རྟོག་ཞིབ་གནང་། གཞིས་རྩེ་ས་ཁུལ་མི་དམངས་སྨན་ཁང་དུ་པཎ་ཆེན་རིན་པོ་ཆེས་སྔ་རྗེས་སུ་སྒོ་བསྟེན་སྨན་ཁང་དང་། སྨན་རྩལ་ཐོག་ཁང་། ནད་སྡོད་པུའུ་སོགས་སུ་རྟོག་ཞིབ་གནང་བ་དང་སྦྲགས་སྨན་ཁང་གི་འགན་འཁུར་བའི་འབྲེལ་ཡོད་ངོ་སྤྲོད་ཞིབ་ཕྲ་གསན། པཎ་ཆེན་རིན་པོ་ཆེས་ད་དུང་ཐུགས་བརྩེ་ཟབ་མོས་ནད་ལྕི་ལྟ་སྐྱོང་ཁང་དུ་སྨན་བཅོས་དང་ལེན་བྱེད་བཞིན་ཡོད་པའི་ནད་པ་ཉི་མ་དང་ཞུའེ་ཆིན་གྱི་ཉལ་ཁྲིའི་མདུན་དུ་ཕེབས་ནས་ཁོང་གཉིས་ལ“ཁྱེད་གཉིས་སེམས་ལྷོད་པོའི་ངང་ནས་སྨན་བཅོས་བྱེད་པ་དང་ངས་ཁྱེད་གཉིས་མགྱོགས་མྱུར་དྲག་སྐྱེད་ཡོང་བའི་སྨོན་ལམ་འདེབས་རྒྱུ་ཡིན”ཞེས་གསུངས། ཉིན་དེར་པཎ་ཆེན་རིན་པོ་ཆེ་ད་དུང་གཞིས་རྩེ་ས་ཁུལ་མི་དམངས་སྨན་ཁང་གི་སྨན་ཁུལ་གསར་པར་རྟོག་ཞིབ་གནང་།

    གཞིས་རྩེར་བཞུགས་རིང་པཎ་ཆེན་རིན་པོ་ཆེས་ས་ཁུལ་ཆོས་ཕྱོགས་ལས་རིགས་ཀྱི་འཐུས་མི་དང་བཞུགས་མོལ་གནང་ནས་ཁོང་གིས་ཆོས་ཕྱོགས་ལས་རིགས་མི་སྣས་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཞི་མཐུན་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་དགོས།སྲིད་གྲོས་ཨུ་ཡོན་ཚོ་དང་བཞུགས་མོལ་གནང་རིང་པཎ་ཆེན་རིན་པོ་ཆེས་སྲིད་གྲོས་ཨུ་ཡོན་ཚོས་སློབ་སྦྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་དོན་དངོས་ལ་ཟབ་འཇུག་དང་། མང་ཚོགས་ཁྲོད་ཟབ་འཇུགབརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བཅས་བྱས་ནས་བློ་གྲོས་ལྡན་པའི་ཐབས་དང་དངོས་སྒྲུབ་ཀྱི་ཇུས་ཧུར་ཐག་འདོན་དགོས་ཞེས་གསུངས། གཞིས་རྩེ་ས་ཁུལ་དུ་ཁ་གཏད་རོགས་སྐྱོར་བྱེད་མཁན་ཧྲང་ཧའེ་གྲོང་ཁྱེར་དང་། ཧྲན་ཏུང་ཞིང་ཆེན། ཧེ་ལུང་ཅང་ཞིང་ཆེན། ཅི་ལིན་ཞིང་ཆེན། པའོ་ཧྲན་ལྕགས་དང་ངར་ལྕགས་ཚོགས་པ། ཀྲུང་གོ་རྫས་འགྱུར་ཚོགས་པ་བཅས་ཀྱི་བོད་སྐྱོར་ལས་བྱེད་པ་དང་བཞུགས་མོལ་གནང་རིང་པཎ་ཆེན་རིན་པོ་ཆེས་ཞིང་ཆེན(གྲོང་ཁྱེར)བཞི་དང་ཁེ་ལས་གཉིས་ཀྱི་ཕན་ནུས་ལྡན་པའི་བོད་སྐྱོར་ལས་དོན་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་སྦྲགས་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུས་པ་རེད།ཁོང་གིས་བོད་ནི་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་བོད་ཀྱི་འཕེལ་རྒྱས་ལ་རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་དང་། ཁ་འབྲལ་ཐབས་མེད། ཁ་གཏད་བོད་སྐྱོར་ནི་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་མཁས་མཛངས་ལྡན་པའི་ཐབས་ཇུས་ཤིག་ཡིན་པས་ང་ཡང་བོད་སྐྱོར་ལས་དོན་གྱི་ཕན་པ་ཐོབ་མཁན་ཞིག་ཀྱང་ཡིན་པས་དྲིན་ཤེས་དྲིན་ཚོར་ཐུབ་པ་བྱས་ནས་ང་ཚོས་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་ཕ་ཡུལ་འཛུགས་སྐྲུན་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་གསུངས།

མཛའ་འབྲེལ་དྲ་བ།
010020070840000000000000011100001337014031