གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། གངས་ ལྗོངས་ ས་ མཐོར་ སྐལ་ བཟང་ མེ་ ཏོག་ རབ་ ཏུ་ བཞད།

 
2015-08-26        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    —— སྤྱི་ཚོགས་རིང་ལུགས་ལམ་ལུགས་བོད་དུ་གྲུབ་འབྲས་ཐོབ་པའི་སྒོ་ནས་ལག་ལེན་བསྟར་བ།

    ལོ་50རིང་ཏང་ཀྲུང་དབྱང་གི་འགོ་ཁྲིད་ཡང་དག་དང་མཁས་མཛངས་ལྡན་པའི་ཐབས་ཇུས་དེ་ནི་བོད་ཀྱི་སྤྱི་ཚོགས་ལ་ལོ་རྒྱུས་རང་བཞིན་གྱི་འཕུར་མཆོང་བྱུང་བ་དང་ཡུན་རིང་བདེ་འཁོད་མངོན་འགྱུར་བྱུང་བའི་རྩ་བའི་འགན་ལེན་ཞིག་ཡིན།

    ལོ་50རིང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གི་ཡང་དག་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་མི་རིགས་ས་ཁོངས་རང་སྐྱོང་གི་དབང་ཆ་གང་ལེགས་སྤྱད་པ་དང་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་ཞིག་འཛམ་གླིང་གི་ཡང་རྩེར་འགྱིང་ངེར་གནས་ཐུབ་པ་བྱུང་ཡོད།

    བོད་ནི་ཉི་མ་དང་ཐག་ཉེ་ཤོས་ཀྱི་ས་ཆ་ཞིག་ཡིན་ལ་ཏང་ཀྲུང་དབྱང་གིས་ཐུགས་ཁུར་དང་ཐུགས་ཁྲལ་ཆེ་ཤོས་གནང་ཡུལ་ཞིག་རེད། ལོ་50རིང་སྐབས་རིམ་བྱུང་གི་ཏང་ཀྲུང་དབྱང་གི་འགོ་ཁྲིད་ཀྱིས་བོད་ཀྱི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་གི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པ”དང“ཁྲིམས་ལྟར་བོད་སྐྱོང་དང་། བོད་ལྗོངས་ཡུན་རིང་འཛུགས་སྐྲུན། དམངས་ཕྱུག་བོད་དར། མི་སེམས་གོང་བུ་འགྲིལ་བ། རྨང་གཞི་བརྟན་གཏོང”བཅས་ཀྱི་བོད་སྐྱོང་གི་ཇུས་གཞི་ཆེན་པོ་བཏོན་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་དུ་འགྲོ་ལམ་གསལ་སྟོན་བྱས་ཡོད།

    བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གི་བོད་སྐྱོང་ཇུས་གཞི་ཆེན་པོ་ལག་བསྟར་ནན་ཏན་བྱས་པ་དང་ལྷག་པར་དུ་ད་ཕན་ལོ་ཤས་རིང་སྤྱི་ཚོགས་དོ་དམ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་དང་གསར་གཏོད་བྱས་ནས་ལས་བྱེད་པ་གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་དང་། “གཉིས་ལྡན་དུད་སྦྲེལ”གཏོད་པ་སོགས་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་མང་པོ་སྔ་རྗེས་སུ་ལག་བསྟར་བྱས་པ་དང་བརྟན་ལྷིང་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་བཏོད་ཅིང་། དུས་མཚུངས་གྲྭ་བཙུན་གྱི་སྨན་བཅོས་རྒན་གསོ་འགན་བཅོལ་རྦད་དེ་ཁྱབ་པ་དང་། ལྷ་སའི་དྲོད་རླངས་མཁོ་འདོན། སློབ་ཆེན་སློབ་མ་ཚང་མ་ལས་ཞུགས་ཐུབ་པ་སོགས་དམངས་འཚོའི་འདུ་འགོད་ལག་བསྟར་བྱས་སྟབས་དམངས་སེམས་ཐོབ་པ་དང་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོ་རུ་ཕྱིན་ཡོད།

    1965ལོའི་ཟླ་9ཚེས་1ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོ་ལྷ་སར་འཚོགས་པ་དེ་ཐོག་ནས་བོད་རང་སྐྱོང་ལྗོངས་དངོས་སུ་དབུ་བརྙེས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་གངས་ལྗོངས་ས་མཐོར་དངོས་སུ་གཏན་འཁེལ་བྱས་པ་མཚོན་ཡོད།

    དེ་ནི་རྒྱ་ཆེའི་ཞིང་བྲན་ཡར་ལངས་བྱུང་ནས་རང་ཐག་རང་གཅོད་བྱུང་བའི་ལོ་50ཡིན་པ་སྟེ།

    བོད་རང་སྐྱོང་ལྗོངས་དངོས་སུ་དབུ་བརྙེས་ནས་མི་འབོར་གྱི་95%བཟུང་བའི་ཞིང་བྲན་རྣམས་དུས་དེ་ནས་བཟུང་བོད་ཀྱི་བདག་པོར་གྱུར། རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་དོན་ཁང་ཏང་ཙུའུ་ཡི་དེ་སྔའི་ཧྲུའུ་ཅི་ཆོས་ཉིད་ཡར་འཕེལ་གྱིས“ང་ནི་ཞིང་བྲན་གྱི་རྗེས་རབས་པ་ཞིག་ཡིན། བུ་རྒྱུད་རྣམས་ཞིང་བྲན་བྱེད་མི་དགོས་པ་མ་ཟད། མི་རྣམས་ཀྱི་གུས་བཀུར་ཐོབ་པའི་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་ཏུ་གྱུར་བ་མེས་པོ་ཚོའི་གཉིད་ལམ་ནང་དུའང་འཆར་མྱོང་མེད”ཅེས་བཤད།

    དེང་སྐབས་ཆོས་ཉིད་ཡར་འཕེལ་དང་འདྲ་བར་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་བོད་རིགས་ལས་བྱེད་པ་མང་པོ་ཞིག་གསོ་སྦྱོང་བྱེད་བཞིན་ཡོད། མིག་སྔར་བོད་ཀྱི་རྫོང(གྲོང་ཁྱེར་དང་ཆུས)ཨུད་74དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་འགོ་ཁྲིད་ཁྲོད་དུ་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་ལས་བྱེད་པའི་བསྡུར་གྲངས་82%ཟིན་པ་དེའི་ནང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་དང་། སྲིད་གཞུང་གི་ཀྲུའུ་ཞི། སྲིད་གྲོས་ཀྱི་ཀྲུའུ་ཞི། མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་བཅས་ཚང་མ་བོད་རིགས་ལས་བྱེད་པ་ཡིན།

    དེ་ནི་བོད་མི་དམངས་ཀྱིས་མི་རིགས་ས་ཁོངས་རང་སྐྱོང་དབང་ཆ་སྤྱོད་པའི་ལོ་50ཡིན་པ་སྟེ།

    གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་དུ་མི་རིགས་ས་ཁོངས་རང་སྐྱོང་ལག་ལེན་བསྟར་བ་ནི་རང་རྒྱལ་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཡིན།

    1965ལོ་ནས་བཟུང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག《མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ཨུད་ཀྱིས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྔ་རྗེས་སུ་《བོད་རང་སྐྱོང་ལྗོངས་ཀྱིས〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེན་སྒྲིག་བཅའ་ཁྲིམས〉ལག་བསྟར་བྱེད་པའི་བབ་བསྟུན་སྲོལ་ཡིག》དང་《བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་གཏན་འབེབས་འགའ་ཞིག》སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ཁྲིམས་སྲོལ་གྱི་ངོ་བོ་ལྡན་པའི་གྲོས་ཆོད་དང་གཏན་འབེབས་300ལྷག་ཙམ་བཟོས་པ་དང་ལག་བསྟར་བྱས་པ་དང་རྒྱལ་ཡོངས་རང་བཞིན་གྱི་བཅའ་ཁྲིམས་མང་པོ་ཞིག་ལ་བོད་ཀྱི་དོན་དངོས་དང་འཚམ་པའི་ལག་བསྟར་བྱེད་ཐབས་བཟོས་ཡོད།

    དེ་ནི་བོད་མི་དམངས་ཀྱིས་རིག་གནས་རྒྱུན་འཛིན་དང་དད་མོས་ལོངས་སུ་སྤྱོད་པའི་ལོ་50ཡིན་པ་སྟེ།

    ལོ་50རིང་བོད་རང་སྐྱོང་ལྗོངས་ཀྱིས་རྩ་ཁྲིམས་དང《མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》ཀྱིས་དཀྲིས་པའི་ས་ཁུལ་དེ་གའི་རིག་གནས་བྱ་གཞག་རང་བདག་ངང་དོ་དམ་བྱེད་པ་དང་འཕེལ་རྒྱས་གཏོང་བའི་རང་སྐྱོང་དབང་ཆ་གང་ལེགས་སྤྱད་དེ་བོད་མི་དམངས་ཀྱི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པ་དང་འཕེལ་རྒྱས་གཏོང་བའི་རང་མོས་དང་ཆོས་དད་རང་མོས་ཁྲིམས་ལྟར་འགན་སྲུང་བྱས་ཡོད།

    མིག་སྔར་བོད་དུ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་སྣ་ཚོགས་1787དང་དགོན་པའི་གྲྭ་བཙུན་ཁྲི་4.6ལྷག་ཙམ་ཡོད། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་བའི་ལམ་ལུགས་དེ་ཆོས་ཕྱོགས་ངེས་སྲོལ་དང་ལོ་རྒྱུས་ཀྱི་གཏན་སྲོལ་ལ་གཞིགས་ནས་རྒྱུན་མཐུད་བྱུང་ཡོད། ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་རྒྱུན་གཏན་བཞིན་སྤེལ་བ་དང་། དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་ཀྱི་དགོས་མཁོ་བསྐངས་པ། ཆོས་དད་རང་མོས་ལ་བརྩི་བཀུར་དང་སྲུང་སྐྱོང་གང་ལེགས་ཐོབ་པ་བཅས་རེད།

    2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་རྒྱུ་དེ་ནི་བོད་ཀྱིས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་རྫོགས་མཐའ་མེད་པའི་སྒུལ་ཤུགས་ཤིག་ཡིན།

    སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་མི་རིགས་ས་ཁོངས་རང་སྐྱོང་གི་སྐྱེ་སྟོབས་ཆེན་པོ་དང་དེ་བཞིན་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་གིས་བདེ་སྐྱིད་འཚོ་བ་དོན་གཉེར་བྱེད་པ་དང་མཉམ་དུ་ཕྱུག་པོ་ཆགས་པ་བྱེད་པའི་ཕུགས་འདུན་གྱིས་བོད་ཀྱི་ལོ་རྒྱུས་ཐོག་གསོན་ཤུགས་ཀྱིས་ཁེངས་པའི་དུས་རབས་གསར་པ་ཞིག་འཆར་རྒྱུར་སྐུལ་འདེད་བཏང་ཡོད།

    —— འབྱོར་ཕྱུག་ལྡན་པའི་བོད་ལྗོངས་ཏེ། དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ། དེང་རབས་ཅན་གྱི་བཟོ་གྲྭ་གཅིག་ཀྱང་མེད་པ་ནས་སྣ་ཁ་འཛོམས་ཙམ་གྱི་དམའ་རིམ་དེང་རབས་བཟོ་ལས་མ་ལག་བཙུགས་པའི་བར་དང་། གཞུང་ལམ་གཅིག་ཀྱང་མེད་པ་ནས་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་བསྐྲུན་པའི་བར། ཐོག་མའི“གཞན་རྟེན་རྣམ་པའི”དཔལ་འབྱོར་ནས“རང་རྟེན་རྣམ་པའི”ཁྲོམ་རའི་དཔལ་འབྱོར་གྱི་ཆགས་སྟངས་བསྐྲུན་པའི་བར་ས་མཐོའི་ཁྱད་ལྡན་གྱི་ལྷད་མེད་ཐོན་ལས་འབོར་ཆེན་ཞིག་དར་ཡོད།

    —— ཞི་མཐུན་བོད་ལྗོངས་ཏེ། མི་རིགས་ཁག་གི་བུ་ཕྲུག་ཚོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས་པ། ཞོགས་པའི་ཉི་འོད་ཕོ་བྲང་པོ་ཏ་ལའི་རྒྱ་ཕིབས་ཐོག་འཕྲོ་སྐབས་གནའ་གྲོང་ལྷ་ས་དེ་ཉིད་གཉིད་ལས་སད་པ་ལྟ་བུར་གྱུར། ཞབས་སྐོར་ནས་ལོག་ཡོང་བའི་རྒན་རྒོན་ཚོ་ཆོས་གྲོགས་དང་མཉམ་དུ་ལྷ་ལྡན་གཙུག་ལག་ཁང་ཉེ་འགྲམ་གྱི་འོད་ཟེར་ཇ་ཁང་དུ་ཇ་མངར་མོ་དང་བོད་ཐུག་འཐུང་བར་ཡོང་གི་ཡོད། བོད་རིགས་དང་རྒྱ་རིགས་གང་ཞིག་ཡིན་རུང་ཚང་མ་སྒོར་སྒོར་དུ་བསྡད་དེ་སྣང་བ་སྐྱིད་པོའི་སྒོ་ནས་ཅི་འཕྲོས་མོལ་འཕྲོས་བྱེད་པ་དེ་ནི་བོད་ཀྱི་མི་རིགས་ཁག་ཞི་མཐུན་མཉམ་གནས་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཡིན།

    ཁ་གཏད་བོད་སྐྱོར་ནི་བོད་ཀྱི་འཕེལ་རྒྱས་མགྱོགས་སུ་གཏོང་བའི་ཀྲུང་དབྱང་གི་བྱེད་ཐབས་གལ་ཆེན་ཞིག་ཡིན། རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱས་ནས་ལོ་20ཡི་རིང་སྔ་རྗེས་སུ་བོད་སྐྱོར་ལས་བྱེད་པ་དང་ཆེད་ལས་ལག་རྩལ་མི་སྣ་6000ཙམ་བོད་དུ་བཏང་བ་དང་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་260ཙམ་བཏང་ཡོད།

    —— བདེ་སྐྱིད་ལྡན་པའི་བོད་ལྗོངས་ཏེ། “དམངས་འཚོའི་ཉི་འོད”ལས་གངས་ལྗོངས་ས་མཐོར་དྲོ་སྐྱིད་སྦྱིན། དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་སྦྲགས་བོད་ཀྱིས་དམངས་འཚོ་ལེགས་གཏོང་དང་མི་སེམས་ཀྱི་གོང་བུ་འགྲིལ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ཏེ་མི་རིགས་ཁག་གི་མི་དམངས་ལ་དངོས་འབྲེལ་དྲང་འབྲེལ་གྱི་ཕན་པ་ཐོབ་པ་བྱས་ཡོད།

    ལོ་ངོ་50ཡི་ནང་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི་དང་ཞིང་འབྲོག་པའི་ཡོང་འབབ་ལོ་རྒྱུས་རང་བཞིན་གྱི་མཐོ་རུ་ཕྱིན་ཞིང་། 2014ལོར་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར22016ཟིན་པ་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་7359ཟིན་པ་དེ་དག་1978ལོའི་ལྡབ་39དང་ལྡབ་42ཟིན་ཡོད།

    ——མཛེས་སྡུག་ལྡན་པའི་བོད་ལྗོངས་ཏེ། འཛམ་གླིང་ཡང་རྩེར་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་པ། “འཛམ་གླིང་ཡང་རྩེའི”དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱ་ཆེད་བོད་ཀྱིས་ཀྲུང་དབྱང་གི་བླང་བྱ་གཞིར་བཟུང་ཁོར་ཡུག་སྲུང་སྐྱོང་དེ་འཕེལ་རྒྱས་ཁྲོད་ཀྱི་མ་མཐའི་མཚམས་ཐིག་དང་། སྲོག་རྩ། མཐོ་གནོན་གློག་སྐུད་བཅས་ལྟ་བུར་བརྩིས་ཏེ“མཐོ་གསུམ་རྣམ་གྲངས”བོད་དུ་སྤེལ་རྒྱུར་གཏན་འགོག་དང་། གཏེར་ཁའི་ཐོན་ཁུངས་གསར་སྤེལ་ཐད་ཀྱི“སྨྱུ་གུ་གཅིག”གི་ཞིབ་མཆན་ལམ་ལུགས་དང་ཁོར་ཡུག་སྲུང་སྐྱོང་གི་སྤ་སེ་གཅིག་གིས་ཁྲ་སློག་པའི་ལམ་ལུགས་དོན་འཁྱོལ་བྱས་ཡོད།

    མིག་སྔའི་བར་བོད་དུ་རིམ་ཁག་རང་བྱུང་སྲུང་སྐྱོང་ཁུལ་47བཙུགས་པ་དེས་སྤྱིའི་རྒྱ་ཁྱོན་གྱི་34.5%བཟུང་ཡོད། ད་ཆའི་བོད་དེ་ཉིད་རི་ཀླུང་མཛེས་ཤིང་ཡིད་དུ་འོང་བ་དང་། ཆུ་མོ་དྭངས་ཤིང་གཙང་བ། རྩི་ཤིང་སྐྱེ་འཚར་བཟང་བ། སྐྱེ་དངོས་སྣ་ཁ་མང་བ་བཅས་ཡིན་སྟབས་སྔར་བཞིན་འཛམ་གླིང་རང་བྱུང་ཁོར་ཡུག་གི་ས་ཁུལ་ལེགས་ཤོས་ཀྱི་གྲས་ཤིག་ཡིན།

    —— ཤེས་དཔལ་བོད་ལྗོངས་ཏེ། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བ། ཕོ་བྲང་པོ་ཏ་ལ་ནས་ས་སྐྱ་དགོན་བར་དང 《གླིང་སྒྲུང》མྱུར་སྐྱོབ་ལེགས་སྒྲིག་ནས་ལྷ་མོ་སོགས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བར་སོགས་2000ལོ་ཚུན་རྒྱལ་ཁབ་ཀྱིས་སྔ་རྗེས་སུ་སྒོར་དུང་ཕྱུར་20བཏང་ནས་ར་ས་འཕྲུལ་སྣང་གཙུག་ལག་ཁང་དང་ནོར་བུ་གླིང་ག་སོགས་དགོན་སྡེའི་གནའ་བོའི་བཟོ་སྐྲུན་མང་དག་གཅིག་ལ་སྲུང་སྐྱོང་དང་ཉམས་གསོ་བྱས་ཡོད།

    ཆོས་ལུགས་ཀྱི་རོལ་མོ་དང་། ཞབས་བྲོ། ལྷ་མོ་བཅས་ནས་བོད་རིགས་ཀྱི་པང་གདན་དང་ཁ་གདན་འཐག་པ་སོགས་ཀྱི་བར་བོད་ལ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་68ཡོད་པ་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་སྲོལ་རྒྱུན་ལས་རིགས་ཁག་གིས་བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་ཡོད།

    ལོ་ངོ་50ཡི་རིང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་དང་། དུས་བསྟུན་འཕེལ་རྒྱས། དུས་རབས་གསར་པའི་ནང་དོན་རྒྱུན་ཆད་མེད་པར་འདྲེས་པ་བཅས་མཐའ་འཁྱོངས་བྱ་རྒྱུ་ནི་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་བསམ་པའི་འབྱུང་རྩ་ཞིག་ཡིན།

    བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་བོད་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱ་གཞག་ལ་རྒྱབ་སྐྱོར་བྱ་ཆེད་ནང་སའི་ལས་བྱེད་པ་མང་པོ་ཞིག་གིས་ལ་བརྒྱབ་ཆུ་བརྒལ་བྱས་ནས་བོད་དུ་ལས་ཀ་བྱེད་པར་ཡོང་། ཁོང་ཚོས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་མཉམ་དུ་ཧ་ཅང་ཞན་པའི་རང་བྱུང་ཁོར་ཡུག་འོག་བོད་ལྗོངས་འཛུགས་སྐྲུན་དང་རྒྱལ་ཁབ་ས་ཆ་སྲུང་སྐྱོང་བྱས་ཡོད།

    དུས་རབས་གསར་པར་སླེབས་རྗེས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས“སྒྱུར་བཅོས་གསར་གཏོད”ཀྱི་དུས་རབས་སྙིང་སྟོབས་ལ་བརྟེན་ནས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་བཏང་བ་དང་སྦྲགས་དེར་དུས་རབས་ཀྱི་ནང་དོན་གསར་པ་རྒྱུན་ཆད་མེད་པར་བསྣན་ཡོད།

    བོད་ལྗོངས་ལྷོ་ཁ་ས་ཁུལ་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་དུ་ཆ་སྙོམས་ས་བབ་སྨི་5373ཡོད་པ་དེ་རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་ཤང་ཡིན་པ་དང་ཇོ་མོ་གླང་མའི་སྒར་ས་ཆེན་མོ་ལས་ཀྱང་སྨི་200ཙམ་གྱིས་མཐོ་བ་ཡོད། དེ་གར་ས་བབ་མཐོ་ལ་གྲང་ངར་ཆེ་བ་དང་གསོ་རླུང་དཀོན་ཁར་རང་བྱུང་གནོད་འཚེ་ཡང་ཡང་ཐོན་པས་མི་རེའི་ཆ་སྙོམས་ཚེ་ཚད་ལོ་45ལས་ཟིན་གྱི་མེད།

    འཚོ་སྡོད་དཀའ་བའི་ཁུལ་དེ་འདྲའི་འོག་ཤང་གི་ལས་བྱེད་པ་36གིས་ལང་ཚོ་དང་ཟོལ་མེད་ལ་བརྟེན་ནས་ཚེ་སྲོག་གི་མཐོ་ཚད་ལ་བསྙེགས་ཏེ་ས་མཐོ་དེ་བརྟན་སྲུང་བྱེད་ཀྱི་ཡོད།

    “ཇི་ལྟར་དཀའ་ཚེགས་ཆེ་བའི་གནས་ཤིག་ཡིན་རུང་མིས་བརྟན་སྲུང་བྱེད་དགོས་པ་དང་ཇི་ལྟར་དཀའ་ཚེགས་ཆེ་བའི་ལས་ཀ་ཞིག་ཡིན་རུང་མིས་སྒྲུབ་དགོས་པས་མང་ཚོགས་1012ལ་ང་ཚོས་ཞབས་འདེགས་ཞུ་དགོས”ཞེས་ཕུ་མ་བྱང་ཐང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ལི་ཞའོ་ཧྭ་དང་ཤང་ཀྲང་སྐལ་བཟང་ཆོས་ལགས་ཀྱིས་བཤད།

    ཉེ་བའི་ལོ་གསུམ་ནང་ཤང་ཏང་ཨུད་དང་སྲིད་གཞུང་གི་འབད་བརྩོན་འོག་ཤང་ནང་སྔོ་ཚལ་དྲོད་ཁང་ཆེ་མོ་བརྒྱབ་པ་དང་རྒྱུད་བཟང་ཕྱུགས་རིགས་ནང་འདྲེན་བྱས་པར་བརྟེན་ཤང་དེ་ཡོངས་ཀྱི་ཞིང་འབྲོག་པའི་ཡོང་འབབ་ལོ་གསུམ་ནང་ལོར་ཆ་སྙོམས་29%འཕར་ཡོད།

    དེ་ནི“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ལག་ལེན་བྱས་པ་ཞིག་ཡིན་ལ་འགན་འཁྲི་ལྷག་པར་འཁུར་ཐུབ་པ་དང་གསར་གཏོད་ཁྱད་པར་བྱེད་ཐུབ་པའི་དུས་སྐབས་གསར་པའི་བོད་ཀྱི་གུང་ཁྲན་ཏང་མི་ཞིག་ཡིན།

    2013ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་གཏོང་བ་དང་བློ་བརྟན་འགྱུར་མེད་ངང་མི་རིགས་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་བཏང་སྟེ་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཐུབ་རྒྱུ་འགན་ལེན་བྱེད་དགོས་ཞེས་བླང་བྱ་བཏོན་གནང་ཡོད།

    2014ལོར་ཁྲོན་བོད་དང་མཚོ་བོད་གཞུང་ལམ་ཤར་གཏོང་ཐུབ་ནས་ལོ་60འཁོར་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས“ལམ་གཉིས”ཀྱི་སྙིང་སྟོབས་སྔར་བས་དར་སྤེལ་བཏང་སྟེ་བོད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རོགས་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད།

    “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་འཛིན་བྱས་པ་དང་འཕེལ་རྒྱས་བཏང་བ་དེས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐབ་སེམས་འཕེལ་རྒྱུར་སྐུལ་མ་བཏང་བ་དང་གངས་ལྗོངས་ཀྱི་བུ་ཕྲུག་ཚོས་དཔའ་ངར་ཆེན་པོས་མདུན་སྐྱོད་བྱ་རྒྱུར་སྐུལ་ལྕག་བཏང་ཡོད།

    འདི་ལོའི་ནེ་པ་ལའི“4·25”ཡི་ས་ཡོམ་ཁྲོད་བོད་ཀྱི་གནོད་འཚེ་ཚབས་ཆེན་ཕོག་ཁུལ་དུ་རི་ཀླུང་ཀུན་ཉམས་པ་དང་ཁང་པ་བརྡིབས་པ་དང་། ཉམས་ཆག་ཆེན་པོ་བྱུང་བ། མི་20ལྷག་ཙམ་གྲོངས་པ། མི་ཁྲི་30ཙམ་ལ་གནོད་འཚེ་ཕོག་པ་བཅས་རེད།

    ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་འོག་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀུན་སེམས་གཅིག་སྒྲིལ་དང་ཏང་སྲིད་དམག་ཉེན་དམངས་མཐུན་སྦྱོར་མཉམ་སྒུལ་གྱིས་གནོད་འཚེའི་ཁྲོད་དཔའ་མི་ཞུམ་པ་དང་སོ་ལྟ་དང་རོགས་རེས་ཁྲོད་སེམས་སྡུག་སེལ་བ་བྱེད་པ་དང་ཁྱིམ་གཞིས་བསྐྱར་སྐྲུན་བྱས་ནས་འབྱུང་འགྱུར་བསུས་ཡོད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཉེ་དུས་ཚོགས་འདུ་འཚོགས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་ལས་དོན་ལ་སྔར་བས་ཞིབ་འཇུག་དང་བཀོད་སྒྲིག་བྱས་ནས་དུས་བབ་གསར་པའི་འོག་གི་བོད་ཀྱི་ལས་དོན་ལ་བླང་བྱ་གསར་པ་བཏོན་པ་དང་བཀོད་སྒྲིག་གསར་པ་བྱས་ཡོད།

    འདི་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་ལོ་ཞིག་ཡིན་པས་ཀྲུང་དབྱང་གིས་སྐུ་ཚབ་ཚོགས་པ་བོད་དུ་རྟེན་འབྲེལ་བྱེད་སྒོའི་ནང་ཞུགས་རྒྱུ་མངགས་གཏོང་བྱ་རྒྱུ་ཡིན་ཞིང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་ཡང་འཚོག་ཉེར་ཡོད་པ་དེ་དག་ཚང་མས་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོར་སྐུལ་མ་ཆེན་མོ་ཐེབས་ངེས་ཡིན།

    དེང་སྐབས་གངས་ལྗོངས་ས་མཐོར་མཛེས་སྡུག་ལྡན་པའི་སྐལ་བཟང་མེ་ཏོག་ཉི་མར་ཕྱོགས་ནས་མཚར་སྡུག་རྣམ་པར་བཀྲ་བ་ཞིག་བཞད་བཞིན་ཡོད།

མཛའ་འབྲེལ་དྲ་བ།
010020070840000000000000011100001345564631