གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། ཡུས་ ཀྲེང་ ཧྲེང་ གིས་ བོད་ རང་ སྐྱོང་ ལྗོངས་ ཀྱི་ ལས་ དོན་ སྙན་ སེང་ གསན་ པ།

 
2015-09-10        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ལིའུ་ཡན་ཏུང་དང་། སུན་ཁྲུན་ལན། ཏུའུ་ཆིང་ལིན། བྱམས་པ་ཕུན་ཚོགས། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། རག་སྡིས།ཀྲང་ཡང་བཅས་དང་དེ་བཞིན་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཁོངས་མི་གཞན་དག་ཚོགས་འདུར་ཕེབས་པ། ཁྲེན་ཆོན་གོས་ལས་དོན་སྙན་སེང་ཞུས་པ། པད་མ་འཕྲིན་ལས་ཀྱིས་གཙོ་སྐྱོང་གནང་བ། བློ་བཟང་རྒྱལ་མཚན་དང་། ཝུའུ་དབྱིང་ཅེ། ཏེང་ཞའོ་ཀང་བཅས་ཚོགས་འདུར་ཕེབས་པ།

    འདི་ནི་ཡུས་ཀྲེང་ཧྲེང་གིས་ལྷ་སར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བའི་གནས་ཚུལ་ཡིན་པ།

འདི་ནི་བཞུགས་མོལ་ཚོགས་འདུའི་ཚོགས་ར་ཡིན་པ།

    ཚེས་8ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་བཅས་ཡིན་པའི་ཡུས་ཀྲེང་ཧྲེང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པའི་དེང་སྐབས་ཀྱི་ལས་འགན་ཨང་དང་པོ་ནི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་དང་ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་གལ་ཆེའི་རྩ་དོན་གཞིར་བཟུང་ཚོགས་འདུའི་ཐོག་བཏོན་པའི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བ་བྱ་རྒྱུ་དེ་རེད་ཅེས་ནན་བཤད་གནང་བ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་བཅས་ཡིན་པའི་ལིའུ་ཡན་ཏུང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་བཅས་ཡིན་པའི་སུན་ཁྲུན་ལན། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་བཅས་ཡིན་པའི་ཏུའུ་ཆིང་ལིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཨུ་ཡོན་ཀྲང་གཞོན་པ་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་བྱམས་པ་ཕུན་ཚོགས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ཨུད་ཀྱི་ཨུ་ཡོན་ཀྲང་གཞོན་པ་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་རག་སྡིས། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་དང་། སྤྱི་ཁྱབ་ཆབ་སྲིད་པུའི་ཀྲུའུ་རེན། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་བཅས་ཡིན་པའི་ཀྲང་ཡང་བཅས་དང་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཁོངས་མི་གཞན་དག་སྙན་སེང་ཚོགས་འདུར་ཞུགས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཀྲུང་དབྱང་སྐུ་ཚབ་ཚོགས་པར་ལས་དོན་སྙན་སེང་ཞུས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་པད་མ་འཕྲིན་ལས་ཀྱིས་སྙན་སེང་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བློ་བཟང་རྒྱལ་མཚན་དང་། ཝུའུ་དབྱིང་ཅེ། ཏེང་ཞའོ་ཀང་། ཞུས་ཡུང་། ཏེའོ་གོ་ཤིན། མགོན་པོ་བཀྲ་ཤིས། ཆེ་དགྲ་ལྷ། ནོར་བུ་དོན་གྲུབ། རྡོ་ཐོགས། ཏིང་ཡེ་ཤན། ཝང་རུའེ་ལན། ཝང་ཡུང་ཅུན། ཙེང་དབན་མིང་བཅས་སྙན་སེང་ཚོགས་འདུར་ཞུགས་པ་རེད།

    ཡུས་ཀྲེང་ཧྲེང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་བཅས་ཀྱི་ཚབ་ཞུས་ནས་རང་སྐྱོང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པར་བླ་ན་མེད་པའི་གུས་འདུད་དང་བྱམས་བརྩེའི་འཚམས་འདྲི་གནང་ཞིང་། ཁོང་གིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ཚུན་ལོ་50ཡི་རིང་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་དང་ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་ཤུགས་རྐྱེན་བཟོ་བའི་མངོན་གསལ་དོད་པའི་གནད་དོན་དམ་འཛིན་ནན་པོ་བྱས་ནས་བྱེད་ཐབས་གསར་པ་མི་ཉུང་བ་བཏོན་པས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་རྣམ་པ་བཟང་པོ་མངོན་ཡོད། གྲུབ་འབྲས་དེ་ལྟ་བུ་ཐོབ་པ་ནི་ལས་སླ་པོ་ཞིག་གཏན་ནས་མིན་ཞིང་། དེ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འགོ་ཁྲིད་ཡང་དག་གནང་བའི་འབྲས་བུ་ཞིག་དང་། དེ་ནི་ཀྲུང་དབྱང་གིས་ཐུགས་ཁུར་དང་རྒྱལ་ཡོངས་ཀྱིས་རོགས་སྐྱོར་བྱས་པའི་འབྲས་བུ་ཞིག དེ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་སྣེ་འཁྲིད་ཀྱིས་དཀའ་སྤྱད་འབད་འཐབ་བྱས་པའི་འབྲས་བུ་ཞིག་བཅས་རེད་ཅེས་གསུངས་པ་རེད།

    ཡུས་ཀྲེང་ཧྲེང་གིས་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ནས་བོད་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་མངོན་འགྱུར་ཐུབ་པར་དམངས་འཚོའི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བ་དང་ས་ཁུལ་དབར་གྱི་ཧེ་བག་རིམ་བཞིན་ཆུང་དུ་གཏོང་བའི་ཐད་ཤུགས་བརྒྱབ་ནས་དབུལ་པོའི་མི་གྲངས་དབུལ་སྒྲོལ་ཐུབ་པ་དང་། གྲོང་མིའི་ཡོང་འབབ་མང་དུ་གཏོང་བ། སློབ་གསོ་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་གཏོང་བ། སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྱོང་བྱ་རྒྱུ་དེ་དམིགས་ཚད་གཙོ་བོར་འཛིན་པ་བཅས་བྱས་ཏེ་བདེ་སྡོད་ལས་བརྩོན་དང་། འགན་སྲུང་ནུས་ལྡན། ཁྱིམ་གཞིས་མཛེས་པོ། མི་རིགས་མཐུན་སྒྲིལ། ཤེས་དཔལ་ཞི་མཐུན་བཅས་ཡོང་བ་བྱེད་དགོས་ལུགས་ཁ་གསལ་བཏོན་ཡོད། དམངས་འཚོ་ལེགས་སུ་གཏོང་བའི་ལས་འགན་ཨང་དང་པོ་ནི་ལས་ཞུགས་ལ་དམ་འཛིན་ཡག་པོ་བྱ་རྒྱུ་དེ་ཡིན་པས་ཐབས་ཤེས་མང་ཙམ་བསམ་བློ་བཏང་ནས་ས་གནས་དེ་གའི་དོན་དངོས་དང་མཐུན་པ་དང་ངལ་ནུས་མང་ཙམ་བསྡུ་ཐུབ་པའི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། དབུལ་སྐྱོར་ལས་དོན་ལ་དམ་འཛིན་བྱས་ནས་དབུལ་སྐྱོར་གནད་སྨིན་ཡོང་རྒྱུ་མཐའ་འཁྱོངས་དང་དཀའ་ངལ་ཡོད་པའི་མི་སྣའི་ཞིབ་ཕྲའི་གནས་ཚུལ་ལ་དམིགས་ཏེ་ཕྱོགས་བསྡུས་སྲིད་ཇུས་ལག་བསྟར་བྱས་ཏེ་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་ལ་རིགས་དབྱེའི་མཛུབ་ཁྲིད་དང་། དུད་ཁྱིམ་རེར་སྲིད་ཇུས་རེ་ཡོད་པ། མི་འདང་བའི་ཆ་གང་ཞིག་ཡོད་ན་དེ་གསབ་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

    ཡུས་ཀྲེང་ཧྲེང་གིས་བོད་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱ་གཞག་ཁྲོད་མི་རབས་ནས་མི་རབས་ཀྱི་ཏང་ཡོན་དང་ལས་བྱེད་པས་དཀའ་སྤྱད་འབད་འཐབ་བྱས་ཏེ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་དགོངས་དོན”སྐྱེད་སྲིང་བྱས་པ་དེ་ནི་ཏང་གི་བྱ་གཞག་གི་རྩ་ཆེའི་རྒྱུ་ནོར་ཡིན་སྟབས་ནུས་ཤུགས་ཡོད་རྒུས་རྒྱུན་འཛིན་བྱེད་དགོས་ཞེས་གསུངས་ཤིང་། ཁོང་གིས་བོད་ཀྱི་ལས་བྱེད་པས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་དགོས་པ་དང་ལྷག་དོན་དུ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གལ་ཆེའི་གནད་དོན་ཐད་དར་ཆ་གསལ་སྟོན་དང་། ལངས་ཕྱོགས་བརྟན་པོ། གོམ་སྟབས་གཅིག་མཐུན་བཅས་ཡོང་བ་བྱས་ཏེ་འགག་རྩའི་དུས་སུ་འགན་འཁྲི་འཁུར་ཕོད་པ་བྱེད་དགོས་པ་དང་། མང་ཚོགས་ཀྱི་འདུ་ཤེས་ཆེ་རུ་ཏན་ཏིག་བཏང་སྟེ་ཏང་ཡོན་ལས་བྱེད་པ་ཚོས་རྒྱུན་དུ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་པ་དང་དོན་དངོས་དང་བསྟུན་གང་ཐུབ་བྱས་ཏེ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་ཐོག་ཀྲུང་དབྱང་གི་དགོངས་དོན་དང་སྲིད་ཇུས་བཟང་པོ་དངོས་འབྲེལ་དོན་འཁྱོལ་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཁྲེན་ཆོན་གོས་སྙན་སེང་གནང་སྐབས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50རིང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སྙིང་རུས་ཆེན་པོས་བརྩོན་ལེན་དང་དཀའ་སྤྱད་འབད་འཐབ་ཀྱིས་གངས་ལྗོངས་ས་མཐོར་ཟིལ་རླབས་དགུང་འཕྱུར་གྱི་ལོ་རྒྱུས་ལེའུ་ཞིག་བརྩམས་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་ཚུན་དང་ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ང་ཚོས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་ཁ་གཏད་བོད་སྐྱོར་བྱས་ནས་ལོ་20འཁོར་བའིབཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཏང་གི་བོད་སྐྱོང་ཇུས་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང་བཅས་མཐའ་འཁྱོངས་བྱེད་པ། “ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་མཐའ་འཁྱོངས་བྱེད་པ་བཅས་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་དང་། ཞི་མཐུན་བརྟན་ལྷིང་། དམངས་འཚོ་ལེགས་གཏོང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། སྣོད་བཅུད་བཟང་བ། ཏང་འཛུགས་ཤུགས་སྣོན། མཐའ་མཚམས་སྲ་བརྟན་བཅས་ཀྱི་རྣམ་པ་བཟང་པོ་བཏོད་ཡོད་ཅེས་གསུངས་པ་རེད།

    ཁྲེན་ཆོན་གོས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པར་དུས་རབས་འབྱེད་པ་དང་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པ་དང་། རང་རེའི་ཏང་གི་བོད་སྐྱོང་ཇུས་ཆེན་གྱི་དུས་རབས་གསར་པ་བཏོད་ཡོད། མིག་སྔར་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཚོགས་འདུའི་དགོངས་དོན་རྒྱ་ཁྱབ་ངང་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་བཞིན་ཡོད་པ་དང་། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་གལ་ཆེའི་གསུང་བཤད་དང་མཛུབ་སྟོན་དགོངས་དོན་གྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བ་དེ་གོ་སྐབས་སུ་བྱེད་པ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་། ཁ་གཏད་བོད་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་དང་རྒྱལ་ཡོངས་མི་དམངས་བཅས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་སྙིང་སྟོབས་ཆེར་སྐྱེད་དང་ལས་དོན་ཏན་ཏིག་སྒྲུབ་པ། མཛེས་སྡུག་དང་། ཞི་མཐུན། བདེ་སྐྱིད་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་སྐྲུན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ལྗོངས་ལེའུ་ཞིག་ཡག་པོ་རྩོམ་པ་བཅས་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་ཡོང་བ་བྱ་རྒྱུར་ང་ཚོས་སེམས་ཐག་གཅོད་རྒྱུ་ཡིན་ཞེས་གསུངས་པ་རེད།

    པད་མ་འཕྲིན་ལས་ཀྱིས་སྙན་སེང་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་གསུང་བཤད་གལ་ཆེན་གྱིས་ཏང་གི་བོད་སྐྱོང་ཇུས་ཆེན་གང་ལེགས་མངོན་པ་དང་། བོད་ཀྱི་དོན་དངོས་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བསམ་འདུན་དང་རྦད་དེ་མཐུན་པ། ཆབ་སྲིད་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་ཁྲིད་རང་བཞིན། དམིགས་སའི་རང་བཞིན་བཅས་ཆེན་པོ་ལྡན་ཡོད། ང་ཚོས་ངེས་པར་དུ་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་ཡག་པོ་དང་། རྒྱ་ཁྱབ་ངང་དྲིལ་བསྒྲགས་ཡག་པོ། ལག་བསྟར་དོན་འཁྱོལ་ཡག་པོ་བཅས་བྱེད་པ་དང་། བསམ་བློ་གཅིག་གྱུར་དང་སྙིང་སྟོབས་ཆེར་སྐྱེད་བྱེད་པ། སྒྱུར་བཅོས་གསར་གཏོད་དང་ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་ནུས་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་ལིའུ་ཡན་ཏུང་དང་། སུན་ཁྲུན་ལན། ཏུའུ་ཆིང་ལིན། བྱམས་པ་ཕུན་ཚོགས། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། རག་སྡིས། ཀྲང་ཡང་སོགས་བཞུགས་མོལ་ཚོགས་འདུར་ཕེབས་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001346097761