གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ ལྗོངས་ ཀྱི་ མི་ རིགས་ ཁག་ དང་ ལས་ རིགས་ ཁག་ གི་ ལས་ བྱེད་ པ་ དང་ མང་ ཚོགས་ ཚོས་ རང་ སྐྱོང་ ལྗོངས་ དབུ་ བརྙེས་ ནས་ ལོ་ 50འཁོར་ བར་ རྟེན་ འབྲེལ་ ཞུ་ བའི་ ཚོགས་ ཆེན་ གཟབ་ རྒྱས་ ལྟ་ ཉན་ བྱས་ པ།

 
2015-09-10        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཚེས་8ཉིན་གྱི་ཞོགས་པ་སྔ་པོ་ནས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཕུ་མདོ་ཤང་རི་ཕུ་གྲོང་ཚོ་ཨུ་ལྷན་གྱི་ཚོགས་ཁང་ནང་མང་ཚོགས་རྣམས་མཉམ་འཛོམས་ཀྱིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་འགོ་འཛུགས་མཛད་སྒོའི་མི་སེམས་འགུལ་བའི་དུས་དེ་སྒུག་བཞིན་ཡོད། རི་ཕུ་གྲོང་ཚོ་ཆུང་ཆུང་དེ་ཙམ་མ་ཟད་ཐོག་བརྩེགས་ཁང་ཆེན་དང་། ནགས་ཁྲོད་ཀྱི་ཤིང་ཁང་། ཞིང་ཁྱིམ་གྱི་སྒོ་ར་བཅས་དང་ལྗོངས་ཡོངས་ཀྱི་ལས་ཁུངས་དང་། སྡེ་ཁུལ། ཞིང་ཁུལ། འབྲོག་ཁུལ། ནགས་ཁུལ་བཅས་སུ་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་དུས་ཆེན་གྱི་གཟབ་མཆོར་སྤྲས་ཏེ་སེམས་འགུལ་ཚད་མེད་ཐེབས་པའི་ངང་རྟེན་འབྲེལ་ཚོགས་ཆེན་གྱི་ཐད་གཏོང་བརྙན་འཕྲིན་བལྟ་ཉན་བྱས།

    ཟླ་9ཚེས་8ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར་སྙེ་མོ་རྫོང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་རྟེན་འབྲེལ་ཚོགས་ཆེན་གྱི་ཐད་གཏོང་བརྙན་འཕྲིན་བལྟས་པ་དང་ཚང་མས་བརྙན་འཕྲིན་བལྟ་གིན་སྙེ་མོ་རྫོང་ལ་ལོ་འདི་དག་ནང་བྱུང་བའི་འགྱུར་ལྡོག་ཆེན་པོར་བསྔགས་བརྗོད་བྱེད་པ་དང་ཏང་ཀྲུང་དབྱང་གིས་འཇུངས་པ་མེད་པའི་ཐུགས་ཁུར་གནང་བ་དང་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་དང་ཀྲུང་དབྱང་ཁེ་ལས་ཀྱིས་ཤུགས་ཆེའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།

    “4·25”ས་ཡོམ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་བྱ་ཡུལ་དུ་ཤོལ་པོ་སྒང་གྲོང་ལྷན་ཏང་ཀྲི་པུའི་ཧྲུའུ་ཅི་ཉི་མ་དོན་གྲུབ་ཀྱིས་དགའ་ཚོར་ཆེན་པོའི་སྒོ་ནས“ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རོགས་རམ་འོག་བཀོད་སྒྲིག་བྱ་ཡུལ་དུ་དངོས་ཟོག་གང་དགོས་ཚང་མ་འདང་ངེས་ཡོད་པ་མ་ཟད། ཁྱིམ་ཚང་ཁག་གཅིག་གིས་འགྲམ་གྲོང་རྡལ་དུ་སླར་ཡང་ཚོང་ཁང་བཙུགས་ཡོད་པ་དང་ཁག་གཅིག་གསོ་སྦྱོང་ནང་ཞུགས་ཏེ་ལས་ཀ་གསར་པ་རག་པ་སོགས་བྱུང་ཡོད། ཏང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ང་ཚོས་དེ་བས་མཛེས་སྡུག་ལྡན་པའི་ཕ་ཡུལ་སྐྲུན་ཐུབ་ངེས་ཡིན་པ་རང་ཉིད་ལ་ཡིད་ཆེས་ཡོད”ཅེས་བཤད།

    བྱམས་པ་གླིང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཡུང་ཁྲུན་གྱིས“དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ང་ཚོས་དགོན་སྡེ་དོ་དམ་དང་། སློབ་གསོ། ཞབས་ཞུ་བཅས་འགན་ནུས་ཁག་གསུམ་སྔར་བས་འདོན་སྤེལ་ཡག་པོ་བྱེད་པ་དང་། དགོན་སྡེ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་སྔར་བས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུནབཅས་ལ་སྐུལ་མ་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་བཤད།

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་གྲོང་རྡལ་གྱི་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་སྡེ་ཁུལ་གྱི་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་རྟེན་འབྲེལ་ཚོགས་ཆེན་གྱི་ཐད་གཏོང་བརྙན་འཕྲིན་བལྟ་ཉན་བྱས་པ་དང་། ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་རྒན་གྲས་ཟླ་བ་སངས་རྒྱས་ཀྱིས་སེམས་འགུལ་ཚད་མེད་ཐེབས་པའི་ངང“རང་ཉིད་ནི་དར་དམར་འོག་འཚར་ལོངས་བྱུང་བ་དང་ཏང་གིས་གསོ་སྐྱོང་ལོ་མང་བྱས་པའི་ལས་བྱེད་པ་རྒན་གྲས་ཤིག་ཡིན། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50ཡི་ནང་བོད་ཀྱི་མི་སེར་གྱི་འཚོ་བ་ཉིན་རེ་ལས་ཉིན་རེ་ལེགས་སུ་ཕྱིན་པ་རང་ཉིད་ཀྱིས་དཔང་པོ་བྱེད་ཐུབ་ལ་དེ་བས་མྱོང་ཚོར་ཐུབ་ཀྱི་འདུག”ཅེས་བཤད།

    སྣེ་གདོང་རྫོང་རྩེད་ཐང་གྲོང་རྡལ་རྩེད་ཐང་སྡེ་ཁུལ་གྲོང་ལྷན་གྱི་ཧྲུའུ་ཅི་གཞོན་པ་ཡེ་ཤེས་སྒྲོལ་དཀར་གྱིས་དགའ་སྤྲོའི་མིག་ཆུ་འཁོར་བཞིན་དུ“སྟོད་ལུང་བདེ་ཆེན་རྫོང་གི་མང་ཚོགས་འཐུས་མི་འཇམ་དཔལ་གྱི་སྐད་ཆས་རང་ཉིད་ལ་མྱོང་ཚོར་ཟབ་མོ་བྱུང་། རང་ཉིད་ལ་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ལོངས་སུ་སྤྱོད་རྒྱུ་བྱུང་ནས་སྔ་སྣུར་དུ་ཕྱུག་པོ་ཆགས་པ་ཞིག་ཡིན་མོད། འོན་ཀྱང་རང་ཉིད་ཀྱིས་མང་ཚོགས་བརྗེད་མི་རུང་བར་ཚང་མ་ཐུན་མོང་ཐོག་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་འབད་བརྩོན་ཟམ་མི་ཆད་པ་བྱ་རྒྱུ་ཡིན”ཞེས་བཤད།

    ཟླ་9པར་ནག་ཆུའི་གང་སར་སྟོན་བསྡུའི་རྣམ་པ་ཁེངས། ལོ་70ལྷག་ཙམ་ལ་སླེབས་པའི་འབྲོག་པ་བཅོ་ལྔས་ཁ་པར་བརྒྱུད་གསར་འགོད་པར“དེ་རིང་གི་རྟེན་འབྲེལ་ཆེ་མོའི་རྣམ་པ་སྤྲོ་སེམས་འཁོལ་བ་ཞིག་འདུག་ལ་རུ་སྟར་གྲུ་བཞི་ཚང་མ་ཧ་ཅང་ཡག་པོ་འདུག་པ་མ་ཟད། ད་དུང་རང་རེའི་འབྲོག་པ་ལས་གྲུབ་པའི་རུ་སྟར་ཡང་འདུག རང་ཉིད་ལོ་10ཙམ་ཆུང་བ་ཡོད་ཚེ་རྟེན་འབྲེལ་གྱི་བྱེད་སྒོ་དེའི་ནང་ཞུགས་རྒྱུའི་མིང་ཐོ་འགོད་ངེས་ཡིན། དེ་ལྟར་བྱས་ཚེ་ང་ཚོས་ཏང་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པར་དགའ་ཞེན་ཚད་མེད་པ་བྱེད་པ་མངོན་ཐུབ”ཅེས་བཤད།

    མངའ་རིས་ས་ཁུལ་ཁུང་ཕེན་སེན་སློབ་ཆུང་ལོ་རིམ་བཞི་པའི་འཛིན་གྲྭ་གཉིས་པའི་འཛིན་བདག་སྙན་གྲགས་ཀྱིས་སློབ་མ་སྒྲིག་འཛུགས་བྱས་ཏེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་ཐད་གཏོང་བརྙན་འཕྲིན་བལྟས་ཏེ་ཕྲུ་གུ་ཚོར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་འཕེལ་རྒྱས་དང་འགྱུར་ལྡོག་གསལ་བཤད་བྱས་ཡོད། སྙན་གྲགས་ཀྱིས“རང་ཉིད་ཀྱིས་ཆེད་མངགས་ཕྲུ་གུ་ཚོར་རྟེན་འབྲེལ་ཚོགས་ཆེན་གྱི་ཐད་གཏོང་བརྙན་འཕྲིན་ལྟ་རུ་བཅུག་པ་དེས་ཕྲུ་གུ་ཚོས་ཕ་ཡུལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་གསལ་རྟོགས་ཐུབ་ནས་སློབ་སྦྱོང་ལ་འབད་བརྩོན་བྱེད་པ་དང་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་ཕུགས་བསམ་གྱི་དམིགས་ཚད་འཕེལ་རྒྱུར་ཕན་པ་ཡོང་ཆེད་ཡིན”ཞེས་བཤད།

    ཟླ་9ཚེས་8ཉིན་ལྗོངས་ཁྲིམས་འཛིན་ཐིང་གིས་རྒྱ་ཆེའི་ལས་བྱེད་ཉེན་རྟོག་པ་དང་ལས་བཟོ་སྒྲིག་འཛུགས་ཀྱིས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་བའི་ཐད་གཏོང་བརྙན་འཕྲིན་བལྟས་པ་རེད། རྒྱ་ཆེའི་ལས་བྱེད་ཉེན་རྟོག་པ་ཚོས་གཅིག་རྗེས་གཉིས་མཐུད་ངང“ལོ་རྒྱུས་བློ་ལ་བརྟན་པོ་ངེས་ནས་མིག་སྔའི་འཚོ་བར་གཅེས་སྤྲས་བྱས་ཏེ་གོ་སྐབས་དམ་འཛིན་དང་དུས་བསྟུན་འཕེལ་རྒྱས་ཀྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་མཛུབ་ཁྲིད་དགོངས་པ་དང་བྱེད་ཕྱོགས་དང་སྲིད་ཇུས་རབ་དང་རིམ་པ་མཐའ་འཁྱོངས་བྱས་ཏེ་ཁྲིམས་ལྟར་བོད་སྐྱོང་དང་རྩ་ཁྲིམས་དང་ཁྲིམས་ལུགས་ཀྱི་དབང་ཆ་སྲུང་སྐྱོབ་བྱས་ནས། དམངས་ཆེད་ཁྲིམས་འཛིན་པ་དང་དམངས་ལ་ཕན་པ་ཐོབ་ཆེད་ཁྲིམས་འཛིན་པའི་བསམ་བློ་ལག་ལེན་ཧུར་ཐག་བསྟར་ཐོག དུས་བདེའི་བོད་ལྗོངས་དང་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུར་སྐུལ་མ་ཧུར་ཐག་བཏང་སྟེ་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་རྣམ་པ་གསར་པ་གཏོད་རྒྱུ་ཡིན”ཞེས་བཤད།  

མཛའ་འབྲེལ་དྲ་བ།
010020070840000000000000011100001346098551