གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། གཞིས་ རྩེའི་ སོ་ ནམ་ ལོ་ གསར་ ལ་ ཞིང་ དུད་ ལ་ བཅར་ འདྲི་ བྱས་ པ།

 
2016-01-12        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཟླ་1ཚེས་10ཉིན་ནི་གཞིས་རྩེའི་སོ་ནམ་ལོ་གསར་ཚེས་གཅིག་ཡིན་པ་དང་། བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་གི་ཀོ་ལྕག་གྲོང་ཚོའི་གྲོང་མི་ཚོས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ཏེ་ཞབས་བྲོ་འཁྲབ་པ་དང་ཐག་པ་འཐེན་པ་སོགས་རྟེན་འབྲེལ་གྱི་བྱེད་སྒོ་སྤེལ་བཞིན་པ།

    ཟླ་1ཚེས་10ཉིན་ཧོར་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ནི་གཞིས་རྩེའི་སོ་ནམ་ལོ་གསར་ཚེས་གཅིག་ཡིན་པ་དང་། གསར་འགོད་པ་དང་བཅས་པ་བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་ཀོ་ལྕག་གྲོང་ཚོར་ཡོང་ནས་མང་ཚོགས་ཀྱིས་ལོ་གསར་གཏོང་བའི་སྤྲོ་སྣང་ཉམས་སུ་མྱངས།

    ཀོ་ལྕག་གྲོང་ཚོ་ནི་2002ལོར་གཏིང་སྐྱེས་རྫོང་ཀོ་ལྕག་ཤང་ཀོ་ལྕག་གྲོང་ཚོ་ནས་ལྕགས་འདམ་ཤང་དུ་གནས་སྤོ་བྱས་པ་ཞིག་ཡིན། གཏིང་སྐྱེས་རྫོང་དུ་སྡོད་པའི་སྐབས་ས་ཞིང་ཡོད་ཀྱང་ཐོན་འབབ་དམའ་བ་དང་ཡོང་འབབ་ཡོང་ཁུངས་ཉུང་བས་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་ཡོད། གནས་སྤོ་བྱས་རྗེས་ཏང་དང་སྲིད་གཞུང་གིས་ཁོང་ཚོར་སྨི་གྲུ་བཞི་70ཡོད་པའི་ས་ཕག་ཁང་པ་རྒྱག་རོགས་བྱས་པ་དང་ད་དུང་ས་ཞིང་ཡང་བགོས་ཡོད་མོད། འོན་ཀྱང་མི་མང་བ་དང་། ཁང་པ་ཉུང་བ། ས་ཞིང་རྒྱ་ཆུང་བའི་དབང་གིས་འཚོ་བར་སྔར་བཞིན་དཀའ་ངལ་ཡོད་པ་རེད།

    2015ལོའི་ཟླ་6པར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག་ཀོ་ལྕག་གྲོང་ཚོ་འདི་ཉིད་གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་དཔེ་སྟོན་ཁུལ་དུ་བྱས་ཏེ་ལས་འགོ་དངོས་སུ་ཚུགས། 2015ལོའི་ཟླ་8པར་གྲོང་ཚོ་གསར་པ་ཚང་མ་བསྐྲུན་ཟིན་ནས་གྲོང་མི་དུད་ཚང་45དུས་བཀག་བཞིན་ཁང་པ་གསར་པའི་ནང་སྤོ་རྒྱུ་བྱུང་ཡོད།

    འདི་ལོ་ལོ་73ལ་སླེབས་པའི་ཨ་མ་རྒན་མོ་སྐལ་བཟང་གཡུ་སྒྲོན་གྱིས་ཁྱིམ་ནང་གཙང་སྦྲ་བྱེད་བཞིན་ཡོད་པ་དང་། ཁོང་གིས་ང་ཚོ་ཡོང་བ་མཐོང་སྐབས་དགའ་ཚོར་ཆེན་པོས་ཇ་བླུགས་གྱིན་དུ་འཚོ་བ་ཇེ་ལེགས་སུ་འགྲོ་བའི་སྐོར་བརྗོད་ཀྱི་འདུག གདན་ཐོག་ཏུ་བསྡད་མ་ཐག་ཨ་མ་རྒན་མོ་སྐལ་བཟང་གཡུ་སྒྲོན་གྱིས་གསར་འགོད་པར་རང་ཉིད་ཀྱིས་ལོ་གསར་གྱི་མཁོ་ཆས་མར་དང་། ལུག་ཤ་ཁོག་3 ནོར་ཁོག་1 ཨ་རག་དང་འཐུང་བྱ། ཤིང་ཏོག ཇ་དང་ཁ་ཟས་སོགས་གྲ་སྒྲིག་བྱས་ཡོད། དེ་ནི་བོད་རྙིང་པར་བསམ་བློའང་གཏོང་མི་ཕོད་པ་ཞིག་རེད་ཅེས་བཤད།

    ཨ་མ་རྒན་མོ་སྐལ་བཟང་གཡུ་སྒྲོན་གྱིས་ཁྱིམ་ནས་ཕྱིར་དོན་མ་ཐག་མདུན་ཕྱོགས་ནས་གློག་སྒུལ་འཁོར་གསུམ་ཞིག་ཡོང་བ་མཐོང་བྱུང་། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དབང་སྒྲོན་གྱིས་གསར་འགོད་པར“གློག་སྒུལ་འཁོར་གསུམ་བཏང་མཁན་དེ་ནི་གྲོང་ཚོའི་ནང་གི་ཕྱུག་ཤོས་བཀྲ་ཤིས་ཡིན། ཉིན་དགུང་ཁ་ལག་བཟའ་བའི་དུས་ཚོད་སྤྱད་དེ་ཞི་བདེ་གནམ་ཐང་དུ་ཟ་ལྷག་འཐུང་ལྷག་ལེན་པར་ཕྱིན་པ་རེད”ཅེས་བཤད། བཀྲ་ཤིས་ནི་དེ་སྔ་དྭ་ཕྲུག་ཡིན་པ་དང་དེ་རྗེས་དབང་སྒྲོན་གྱི་རྗེས་སུ་འབྲངས་ནས་ལས་ཀ་བྱས་པས་འཚོ་བ་ཉིན་བཞིན་ཡག་ཏུ་ཕྱིན་ཡོད། ད་ཆ་ཁོང་གིས་འཛུགས་སྐྲུན་མཉམ་ལས་ཁང་ལ་དོ་དམ་བྱེད་ཞོར་དུ་ཁྱིམ་དུ་ཕག་པ་གསོ་གི་ཡོད་པས་གྲོང་ཚོའི་ནང་གི་ཕྱུག་པོའི་དུད་ཚང་དུ་གྱུར་ཡོད། 2015ལོར་འཛུགས་སྐྲུན་རུ་ཁག་ཁོ་ན་ནས་བཀྲ་ཤིས་ལ་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་བྱུང་ཡོད།

    གྲོང་མིས“གྲོང་ཚོའི་འཛུགས་སྐྲུན་མཉམ་ལས་ཁང”ནི་གྲོང་ཚོ་གནས་སྤོ་བྱས་རྗེས་ཀྱི་གསར་བཙུགས་མཉམ་ལས་ཁང་ཞིག་རེད་ཅེས་ཡང་ཡང་ཤོད་ཀྱི་ཡོད།

    2015ལོའི་ཟླ་8པར་གནས་སྤོ་བྱས་རྗེས་དབང་སྒྲོན་གྱིས་བསམ་འཆར་ཐེངས་མང་བསྡུ་ལེན་གྱིས་ཀོ་ལྕག་གྲོང་གསར་གྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་འགྱིག་ཤོག་དྲོད་ཁང་ནང་སྔོ་ཚལ་འདེབས་འཛུགས་མཉམ་ལས་ཁང་དང་། འཛུགས་སྐྲུན་མཉམ་ལས་ཁང་། བཞོན་མ་གསོ་ཚགས་མཉམ་ལས་ཁང་། ཡུལ་སྐོར་མཉམ་ལས་ཁང་། མི་རིགས་ལག་ཤེས་བཟོ་རྩལ་མཉམ་ལས་ཁང་བཅས་འཕེལ་རྒྱས་གཏོང་རྒྱུའི་ཐག་བཅད་པས་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་ཕྱིན་པ་མ་ཟད་ད་དུང་གྲོང་མིའི་ལས་ཞུགས་དང་འབབ་འཕར་གྱི་གནད་དོན་ཡང་ཐག་གཅོད་ཐུབ་ཡོད།

    མིག་སྔར་འཛུགས་སྐྲུན་མཉམ་ལས་ཁང་དེ་གཉེར་སྐྱོང་བྱས་ནས་ལོ་གཅིག་ལྷག་ཙམ་སོང་ཡོད། རྒྱུན་དུ་བཟོ་པ་36ཡོད་པ་དང་ལས་ཀ་མང་དུས་མི་70ཙམ་ཡོད། འགྱིག་ཤོག་དྲོད་ཁང་ཆེ་མོ་དེ་གནས་སྐབས་ལོར་བོགས་དངུལ་སྒོར་ཁྲི་1.5བྱས་ནས་ས་ཆ་གཞན་གྱི་མི་ལ་བོགས་མར་བཏང་ཡོད་པ་དང་གྲོང་ཚོ་ནས་དུས་བཀག་ཐོག་འདོད་བློ་ཡོད་མཁན་གྱི་གྲོང་མི་ལག་རྩལ་སློབ་སྦྱོང་བྱེད་པར་བཏང་སྟེ་ལག་རྩལ་ཡག་པོ་ཤེས་རྗེས་སོ་སོས་འདེབས་འཛུགས་བྱ་རྒྱུ་རེད། བཞོན་མ་གསོ་ཚགས་མཉམ་ལས་ཁང་གི་ཁང་པ་ཡང་ད་ཆ་སྐྲུན་ཟིན་པས་བཞོན་མ་དམིགས་སར་འབྱོར་རྒྱུ་སྒུག་བསྡད་ཡོད། ཡུལ་སྐོར་ཐད་རྒྱལ་ལམ་318ཀྱི་ལེགས་ཆར་བརྟེན་ནས་བོད་ཁྱིམ་སྤྲོ་སྐྱིད་ཁང་གཉེར་རྒྱུ་རེད།

    “མཉམ་ལས་ཁང་ཆེན་པོ་ལྔ་འཕེལ་རྒྱས་བྱུང་ན་གྲོང་ཚོའི་ངལ་ནུས་ཚང་མ་ལས་ཞུགས་ཐུབ”ཅེས་དང་མིག་སྔའི་བྱ་བ་ཆེ་ཤོས་ནི་གྲོང་མི་རྣམས་དགའ་སྤྲོའི་ངང་ལོ་གསར་གཏོང་ཐུབ་པ་བྱ་རྒྱུ་དེ་ཡིན་ཞེས་དབང་སྒྲོན་གྱིས་ཡིད་ཆེས་ཆེན་པོའི་སྒོ་ནས་བཤད།

མཛའ་འབྲེལ་དྲ་བ།
010020070840000000000000011100001350009531