གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། པཎ་ ཆེན་ རིན་ པོ་ ཆེ་ སྐུ་ ཕྲེང་ བཅུ་ གཅིག་ པའི་ དུས་ འཁོར་ དབང་ ཆེན་ གནང་ ཐེངས་ དང་ པོ་ གཞིས་ རྩེར་ ཐུགས་ གྲ་ ལེགས་ འགྲིག་ བྱུང་ བ།

 
2016-07-26        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    2016-07-26 ཟླ་7ཚེས་21ནས་24ཉིན་བར་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོའི་བཞུགས་གནས་གཞིས་རྩེ་བདེ་ཆེན་སྐལ་བཟང་ཕོ་བྲང་དུ་ཁྲི་གསོལ་གནང་ཚུན་གྱི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་དང་པོ་དེ་གཟབ་རྒྱས་ངང་གཉེར་བ་རེད། དབང་ཞུ་བར་བཅར་བའི་ལྗོངས་ཕྱི་ནང་གི་མི་རིགས་ཁག་གི་སེར་སྐྱ་མང་ཚོགས་ཉིན་རེར་མི་ཁྲི་10ལྷག་ཙམ་ཟིན་པ་དང་མང་ཤོས་སུ་དད་ལྡན་མང་ཚོགས་མི་ཁྲི་11.5ཟིན་གྱི་ཡོད་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཅེ་དབང་གནང་ཡུལ་དུ་ཕེབས་ནས་ཞབས་ཞུའི་དོ་དམ་ལས་དོན་ལ་མཛུབ་ཁྲིད་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་མགོན་པོ་བཀྲ་ཤིས་དང་། སྐལ་བཟང་ཚེ་རིང་། བློ་བཟང་འགྱུར་མེད་བཅས་ཀྱིས་བརྒྱུད་རིམ་ཧྲིལ་པོར་པཎ་ཆེན་རིན་པོ་ཆེས་གཞིས་རྩེར་ཆོས་ལུགས་བྱེད་སྒོ་ཁག་སྤེལ་རྒྱུར་ཕྱག་རོགས་ཞུས་པ་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཅང་ཅེ་དང་། བསྟན་འཛིན་རྣམ་རྒྱལ། ཀྲང་ཞའོ་ཧྭ། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ས་ལུང་ཕུན་ལགས་སོགས་པཎ་ཆེན་རིན་པོ་ཆེའི་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད་པ་རེད།

    ད་ཐེངས་ཀྱི་དུས་འཁོར་དབང་ཆེན་ནི་པཎ་ཆེན་རིན་པོ་ཆེ་ཁྲི་གསོལ་གནང་ནས་ལོ་21སོང་ཚུན་བོད་བརྒྱུད་ནང་བསྟན་གྱི་སྔགས་ཕྱོགས་ཀྱི་རིམ་པ་མཐོ་ཤོས་ཀྱི་དབང་ཆེན་ཡིན་ལ་རང་ལྗོངས་སུ་ལོ་60ལྷག་ཙམ་རིང་གཉེར་ཐེངས་དང་པོ་ཡིན་པའི་དུས་འཁོར་དབང་ཆེན་ཡང་ཡིན་ཞིང་། དབང་བསྐུར་མ་གནང་གོང་བཀྲས་ལྷུན་དགོན་པའི་དགེ་འདུན་གྱི་ཚོགས་ལས་གྲུབ་པའི་སེར་སྦྲེངས་རུ་ཁག་གིས་བདུག་སྤོས་དང་། གདུགས། རྒྱལ་མཚན་སོགས་བསྣམས་ནས་པཎ་ཆེན་རིན་པོ་ཆེ་མཆོག་དབང་བསྐུར་སྡིངས་ཆའི་ཕྱོགས་སུ་སྤྱན་འདྲེན་ཞུས་པ་དང་། པཎ་ཆེན་རིན་པོ་ཆེ་ཆིབས་བསྒྱུར་གནང་བ་མཇལ་རྗེས་སྡིངས་ཆའི་མདུན་གྱི་དབང་གྲལ་དུ་འཁོད་པའི་བོད་ལྗོངས་དང་ས་གནས་གཞན་ནས་ཕེབས་པའི་དགེ་འདུན་པའི་འདུས་ཚོགས་དང་དེ་བཞིན་ས་ཕྱོགས་ཁག་ནས་ཡོང་བའི་དད་ལྡན་མང་ཚོགས་ཡར་ལངས་ཤིང་། ཕྱག་གི་ཐལ་མོ་སྙིང་ཁར་སྦྱར་ནས་གསོལ་བ་སྨོན་ལམ་བཏབ། པཎ་ཆེན་རིན་པོ་ཆེ་མཆོག་གིས་ཀྱང་དེར་ཕེབས་སྒུག་ཞུ་བཞིན་པའི་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ལ་ཕྱག་གཡུག་གཡུག་གནང་ནས་འཚམས་ཞུ་གནང་། དེ་རྗེས་པཎ་ཆེན་རིན་པོ་ཆེ་བཞུགས་ཁྲིར་འཁོད་ཅིང་དབང་གནང་འགོ་ཚུགས།

    དུས་འཁོར་དབང་ཆེན་ནི་བོད་བརྒྱུད་ནང་བསྟན་གྱི་སྔགས་ཕྱོགས་ཀྱི་དབང་ནང་གོ་རིམ་གྲ་རྒྱས་ཤོས་དང་མཛད་སྒོ་གཟབ་ཤོས་ཀྱི་དབང་བསྐུར་གྱི་ཁོངས་སུ་གཏོགས་པ་དང་དབང་བསྐུར་གནང་མཁན་ནི་ཆོས་ཀྱི་སྐུ་ཡོན་མཐོ་བའི་བླ་སྤྲུལ་ཆེ་ཁག་ཡིན་པ་རེད། དུས་ཡུན་ཉིན་བཞིའི་དབང་བསྐུར་བརྒྱུད་རིམ་ནང་སྟ་གོན་དང་། བྱིས་པ་ལྟར་འཇུག་པའི་དབང་བདུན། དབང་གོང་མ་གསུམ། གོང་མའི་གོང་མའི་དབང་བཞི། རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་བཅས་གནང་བ་རེད།

    དབང་བསྐུར་མ་གནང་གོང་གི་ཟླ་གཅིག་ལྷག་ཙམ་དུས་ཚོད་ནང་པཎ་ཆེན་རིན་པོ་ཆེས་ཆོས་ལུགས་ཀྱི་ཆོ་ག་བཞིན་དགེ་ཕྲུག་ལ་དབང་བསྐུར་བ་དང་། བར་ཆད་སེལ་བའི་མཛད་སྒོ། རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་པ་སོགས་ཀྱི་ཆོས་ལུགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་ཆོས་ལུགས་བྱེད་སྒོ་ཁག་ཐུགས་གྲ་ལེགས་འགྲིག་བྱུང་ཡོད་པ་རེད།

    དབང་བསྐུར་གནང་བའི་བརྒྱུད་རིམ་ནང་རང་སྐྱོང་ལྗོངས་དང་གཞིས་རྩེ་གྲོང་ཁྱེར་གྱི་རིམ་ཁག་འབྲེལ་ཡོད་སྡེ་ཚན་གྱིས་དབང་བསྐུར་གནང་ཡུལ་གྱི་འགན་ལེན་ལས་དོན་ཁག་གང་ལེགས་བསྒྲུབས་ནས་དབང་བསྐུར་གནང་ཡུལ་གྱི་ས་ཁོངས་ཁག་ཏུ་སྨན་བཅོས་འགན་ལེན་ས་ཚིགས་དང་། གསང་སྤྱོད། ཆུ་འཁོལ་ལེན་ས། ཁོར་ཡུག་སྲུང་སྐྱོང་འགན་ལེན་སྒྲིག་ཆས། གནས་སྐབས་ཀྱི་ཟ་ཁང་དང་ཚོང་ཁང་སོགས་དམངས་ཕན་ཞབས་ཞུའི་ས་ཚིགས་བཀོད་སྒྲིག་བྱས་ནས་ལས་དོན་མི་སྣས་དེ་ཁུལ་དུ་དད་ལྡན་མང་ཚོགས་ལ་ཞབས་འདེགས་ཧུར་ཐག་ཞུས་ཡོད་པ་རེད། དེ་ཁུལ་གྱི་དད་ལྡན་མང་ཚོགས་ཁྲི་10ཙམ་གྱིས་བཀའ་ཆོས་གཟབ་ནན་ཉན་པ་དང་། དེའི་རིང་དད་ལྡན་མང་ཚོགས་གཅིག་རྗེས་གཉིས་མཐུད་ངང་དེ་གར་འབྱོར་མོད། འོན་ཀྱང་དབང་བསྐུར་གནང་ཡུལ་གྱི་སྒྲིག་ལམ་གོ་རིམ་ལྡན་པ་ཞིག་ཡོད། དེ་ཁུལ་གྱི་རྣམ་པ་བརྗིད་ཉམས་ལྡན་པའི་ཁར་བསྟན་དོན་ལམ་ལྷོངས་བྱུང་ཡོད་པ་རེད།

    དབང་བསྐུར་གནང་བའི་བརྒྱུད་རིམ་ནང་ནང་རིག་པའི་ཡོན་ཚད་མཐོ་ཞིང་བརྗིད་ཉམས་ལྡན་པའི་པཎ་ཆེན་རིན་པོ་ཆེའི་ཕྱག་བཞེས་བྱང་ཆུབ་པ་དང་། མཁྱེན་དཔྱོད་ཟབ་པ། རྒྱལ་གཅེས་ཆོས་གཅེས། རྒྱལ་སྐྱོང་འགྲོ་ཕན་བཅས་ཀྱི་བླ་མ་སྐྱེས་ཆེན་གྱི་ཉམས་འགྱུར་གང་ལེགས་མངོན་པ་དང་། དུས་འཁོར་དབང་ཆེན་ཞུ་བར་བཅར་མཁན་བླ་མ་སྐྱེས་ཆེན་དང་རྒྱ་ཆེའི་སེར་སྐྱ་མང་ཚོགས་ཚོའི་དད་པ་བརྩེ་གཅིག་ཏུ་ཐོབ་པའི་ཁར། མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣའི་གདེང་འཇོག་དང་བསྔགས་བརྗོད་བཟང་པོ་ཐོབ་ཡོད་པ་རེད།

    ཚུར་ལོག་བོད་རིགས་སྤུན་ཟླ་ཆབ་མདོ་བྱམས་པ་གླིང་གི་སྤྲུལ་སྐུ་ཆེན་པོ་བཞིའི་གྲས་ཡིན་པའི་རྗེ་དབོན་དཀོན་རྡོར་དགེ་ལེགས་རྒྱ་མཚོས་ད་ཐེངས་ཀྱི་དབང་བསྐུར་ཐུགས་གྲ་ལེགས་འགྲིག་བྱུང་བ་ནི་བོད་བརྒྱུད་ནང་བསྟན་འཕེལ་རྒྱས་ལོ་རྒྱུས་ཐོག་གི་དོན་ཆེན་ཞིག་ཡིན་པ་མ་ཟད། ད་དུང་བོད་ཀྱི་ལོ་རྒྱུས་འཕེལ་རྒྱས་ཐོག་ཏུའང་དམིགས་བསལ་གྱི་དོན་སྙིང་ལྡན་པ་དང་དེ་ཐོག་ནས་ཏང་གི་ཆོས་དད་རང་མོས་སྲིད་ཇུས་གང་ལེགས་མངོན་ཡོད་ཅེས་གསུངས་པ་རེད། ལོ་80ཙམ་ལ་སླེབས་པའི་བགྲེས་སོང་འོད་ཟེར་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཐང་མགོ་ཤང་ནས་ཡོང་ཞིང་། ཁོང་གིས་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་བསྐུར་ཞུ་བ་ནི་ང་ཚོ་དད་ལྡན་མང་ཚོགས་ཚོས་རེ་སྒུག་བྱས་པའི་བསམ་འདུན་ཞིག་ཡིན། བསྟན་པ་དར་བ་དང་མི་དམངས་བདེ་སྐྱིད་ལྡན་པའི་དུས་རབས་འདི་འདྲར་འཚོ་བ་བསྐྱལ་རྒྱུ་བྱུང་བ་ནི་ང་ཚོའི་བསོད་བདེ་ཡིན་སྙམ་གྱི་འདུག་ཅེས་བརྗོད་པ་རེད།

    གཞིས་རྩེར་བཞུགས་རིང་པཎ་ཆེན་རིན་པོ་ཆེ་ད་དུང་བཀྲས་ལྷུན་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་དོན་ཚོགས་འདུར་ཕེབས་པ་རེད། དེ་ནི་པཎ་ཆེན་རིན་པོ་ཆེས་ན་ནིང་ནས་བཟུང་བཀྲས་ལྷུན་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གི་མཚན་འཛིན་ཀྲུའུ་རེན་གྱི་འགན་བཞེས་ཚུན་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་ཞུགས་ཐེངས་དང་པོ་ཡིན་པ་དང་། ཚོགས་འདུའི་ཐོག་པཎ་ཆེན་རིན་པོ་ཆེས་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལོ་ལྔའི་ཚུན་གྱི་ལས་དོན་སྙན་སེང་གསན་པ་དང་འབྲེལ་སླད་ཕྱིན་ལས་དོན་ལེགས་པར་བསྒྲུབ་རྒྱུའི་ཐད་བཀའ་སློབ་གནང་བ་རེད། 

མཛའ་འབྲེལ་དྲ་བ།
010020070840000000000000011100001355409041