གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། ས་ མཐོའི་ སྣོད་ བཅུད་ སྲུང་ ཡོལ་ གྱི་ ནུས་ པ་ བརྟན་ ལ་ ལེགས་ པ།

 
2016-10-28        གསར་འགྱུར་འབྱུང་ཁུངས། མི་དམངས་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    བོད་ནི་མཚོ་བོད་ས་མཐོའི་ས་ཁུལ་གཙོ་བོ་ཞིག་ཡིན་ལ། ལྷོ་སྣེ་དང་བྱང་སྣེ་ཕུད་པའི་གོ་ལའི་ཐོག་ཁོར་ཡུག་གཙང་ཤོས་ཀྱི་གྲས་ཤིག་ཀྱང་ཡིན། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་དེར་སྲུང་སྐྱོང་ཡག་པོ་བྱ་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་2009ལོར་《བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་གཞི་(2008-2030ལོ་བར)》ལ་ཆོག་མཆན་གནང་བ་རེད།

    ད་ཆ་ལས་དོན་དེ་སྒྲུབ་པའི་མགྱོགས་ཚད་དང་ཕན་འབྲས་གང་འདྲ་ཡོད་དམ། བོད་ཀྱི་སྣོད་བཅུད་མ་ལག་བརྟན་པོ་ཡོད་དམ། མཐོ་གྲང་ཁུལ་གྱི་ཁོར་ཡུག་ཁག་གཅིག་ཉམས་ཞན་དུ་མི་འགྲོ་བ་བྱུང་ཡོད་དམ། ཚེས་26ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་ཡོངས་བསྒྲགས་ཚོགས་འདུའི་ཐོག ཀྲུང་གོ་ཚན་རིག་ཁང་གིས་《བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གྲྭའི(2008-2014ལོ་བར)འཛུགས་སྐྲུན་ཕན་འབྲས་ཚོད་སྐོར་》གྱི་སྙན་ཞུ་ཁྱབ་བསྒྲགས་བྱས་པ་རེད།

    སྙན་ཞུ་ལས་མངོན་པར། མིག་སྔར་འཆར་འགོད་ཀྱི་ལས་གྲྭ་གཙོ་བོར་སྐུལ་མ་ཐེབས་ནས་བོད་ཀྱི་སྣོད་བཅུད་ལས་གྲྭའི་སྒྲོམ་གཞི་གཙོ་བོ་རགས་ཙམ་ཆགས་ཡོད། གཙོ་གནད་ལས་གྲྭ་ཁག་གཅིག་ལ་མངོན་གསལ་དོད་པའི་སྣོད་བཅུད་ཁོར་ཡུག་གི་ཕན་འབྲས་ཐོན་ཡོད་པ་དང་། བོད་ཀྱི་སྣོད་བཅུད་མ་ལག་ཧྲིལ་པོ་བརྟན་པོ་ཡོད་ལ། ལས་གྲྭའི་ཁུལ་གྱི་སྣོད་བཅུད་མ་ལག་གི་ཞབས་ཞུའི་ནུས་པ་མཐོ་རུ་ཕྱིན་ནས་ས་མཐོའི་སྣོད་བཅུད་སྲུང་ཡོལ་གྱི་ནུས་པ་བརྟན་ལ་ལེགས་པོ་ཡོད་པ་རེད།

    ཀྲུང་གོ་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ཡོན་ཧྲི་ཀྲང་ཡཱ་ཕིང་གིས། ཀྲུང་གོ་ཚན་རིག་ཁང་གི་ཚོགས་པས་ལོ་3སྤྱད་དེ་ལས་གྲྭའི་ཁུལ་གཙོ་བོ་10ལྷག་ཙམ་ལ་རྟོག་ཞིབ་བྱས་པ་དང་། སྣོད་བཅུད་ཁུལ་3དང་ལྟ་ཞིབ་ཁུལ་20ལྷག་ཙམ་བཙུགས་ཏེ་གནས་1300ཙམ་གྱི་མ་དཔེ་བླངས་ནས་1990ལོ་ཚུན་གྱི་དུས་ཐེངས་གསུམ་པའི་གྲངས་གཞིར་དབྱེ་ཞིབ་བྱས་པའི་ཐོག་བོད་ཀྱི་ཉེ་བའི་ལོ་20ལྷག་ཙམ་རིང་གི་སྣོད་བཅུད་ཁོར་ཡུག་གི་འགྱུར་ལྡོག་དང་ཁྱད་ཆོས་ལ་ཞིབ་འཇུག་བྱས་པར་གཤམ་གསལ་གྱི་ཕྱོགས་6ལ་གྲུབ་འབྲས་གཙོ་བོ་ཐོབ་ཡོད་པ་སྟེ།

    — ས་མཐོའི་སྣོད་བཅུད་མ་ལག་ཧྲིལ་པོ་བརྟན་པོ་ཡོད་པ་དང་སྔོ་ཁེབས་ཁྱབ་ཚད་མང་དུ་ཕྱིན་པ། ཉེ་བའི་ལོ་20ཡི་རིང་། ས་མཐོའི་སྣོད་བཅུད་རྣམ་པར་འགྱུར་ལྡོག་འགྲོ་ཚད་0.15%ཆག་ཡོད། ས་ངོས་སུ་སྔོ་ཁེབས་ཁྱབ་ཚད་མང་དུ་ཕྱིན་པ་དང་སྔོ་ཁེབས་ཁྱབ་ཚད་ཀྱི་རྒྱ་ཁྱོན་གྱིས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་བསྡུར་ཚད་ཀྱི་66.5%བཟུང་ནས་སྣོད་བཅུད་མ་ལག་གི་གྲུབ་ཆ་ལེགས་སུ་ཕྱིན་པ་དང་།

    — བྱེ་འགྱུར་རྒྱ་ཁྱོན་ཆུང་དུ་ཕྱིན་ནས་ལས་གྲྭའི་ཁུལ་གྱི་བྱེ་རླུང་བཅོས་སྒྲིག་གི་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ། བྱེ་འགོག་བྱེ་བཅོས་ཀྱི་འདུ་འགོད་ལག་བསྟར་བྱས་རྗེས། བྱེ་འགྱུར་ས་ཞིང་གི་རྒྱ་ཁྱོན་སྤྱི་ཆིང་ཁྲི་10.71ཆུང་དུ་ཕྱིན་པ་དང་ལོ་རེར་ཆ་སྙོམས་སྤྱི་ཆིང་ཁྲི་1.53ཆུང་དུ་ཕྱིན་ཡོད། ཡར་ཀླུང་གཙང་པོའི་ལུང་ཤུར་གྱི་(ཆུ་ཤུར་ནས་ཟངས་རིའི་ལམ་དུམ་བར)ལྟ་ཞིབ་ཚད་ལེན་ཁུལ་གྱི་བསྡོམས་རྩིས་འབྲས་བུ་ལས། གནོད་འཚེའི་རང་བཞིན་གྱི་བྱེ་རླུང་ལྡང་བའི་གནམ་གཤིས་2000ལོའི་ཉིན་85ནས་2014ལོར་ཉིན་32བར་ཉུང་དུ་ཕྱིན་པ་མངོན་པ།

    — སྐྱས་སྤོས་རྩྭ་གསོ་བྱས་པར་བརྟེན་རྩྭ་ཐང་སླར་གསོ་བྱུང་ཡོད་ལ། ཞིང་འབྲོག་པའི་ཡོང་འབབ་ཀྱང་འཕར་ཡོད། ལས་གྲྭའི་ཁུལ་ནང་རྩི་ཤིང་ཁྱབ་ཚད་དེ་ལས་གྲྭའི་ཁུལ་ཕྱི་ལས་9.9%ནས་22.5%བར་མང་དུ་ཕྱིན་ནས་ཆ་སྙོམས་16.9%ཡིས་མང་དུ་ཕྱིན་པ།

    — ཞིང་འབྲོག་ཁུལ་གྱི་ནུས་རྒྱུ་གཙང་མ་སྤྱོད་ཚད་མཐོ་རུ་ནུས་ལྡན་ཕྱིན་ནས་ཞིང་འབྲོག་པའི་འཚོ་བའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། གམ་གཙང་ནུས་རྒྱུ་གསར་པ་སྤྱོད་ཚད་65.6%ཟིན་པ་དང་། ནགས་ཚལ་དང་རྩྭ་ཐང་སྣོད་བཅུད་མ་ལག་ལ་གཏོར་བཤིག་ཕོག་ཚད་ཉུང་དུ་ཕྱིན་པ།

    — རང་བྱུང་ནགས་ཚལ་དང་རང་བྱུང་སྣོད་བཅུད་ཁུལ་སྲུང་སྐྱོང་ལ་ཕན་འབྲས་རགས་ཙམ་ཐོན་པ་དང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་སྐྱེ་དངོས་ཀྱི་སྣ་ཁ་སླར་གསོ་བྱུང་བ། རང་བྱུང་ནགས་ཚལ་སྲུང་སྐྱོང་གི་དུས་ཐེངས་དང་པོའི་འདུ་འགོད་ལག་བསྟར་བྱས་ཚུན། ལས་གྲྭའི་ཁུལ་དུ་ནགས་ཚལ་ཁྱབ་ཚད་0.9%འཕར་ཡོད། རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་41.37ཟིན་པ་དེས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་33.9%བཟུང་ཡོད། འདམ་ར་སྲུང་སྐྱོང་གི་རྒྱ་ཁྱོན་སྤྱི་ཆིང་ཁྲི་430.8ཟིན་པ་དེས་ལྗོངས་ཡོངས་ཀྱི་འདམ་རའི་རྒྱ་ཁྱོན་གྱི་65.98%བཟུང་ཡོད། རྩ་ཆེའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྐྱེ་དངོས་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ནས་སྲོག་ཆགས་ཀྱི་གྲངས་འབོར་མངོན་གསལ་དོད་པོས་མང་དུ་ཕྱིན་པ།

    — སྣོད་བཅུད་མ་ལག་ཞབས་ཞུའི་ནུས་པ་རིམ་གྱིས་ཆེ་རུ་ཕྱིན་པ་དང་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གྱི་ནུས་པ་བརྟན་ལ་ལེགས་པ། གཅིག་ནི་སྣོད་བཅུད་མ་ལག་གི་ཆུ་འགོའི་སྙོམས་སྒྲིག་ནུས་པ་ཆེ་རུ་ཕྱིན་པ་དང་། ལས་གྲྭ་ལག་བསྟར་མ་བྱས་གོང་དང་བྱས་རྗེས་བསྡུར་ན་2.65%འཕར་བ་དང་། ནགས་ཚལ་ལ་ཆུ་འདུས་ཚད་ཀྱི་ནུས་པ་རྒྱུན་མཐུད་བརྟན་པོ་བྱུང་བ་དང་། གཉིས་ནི་སྣོད་བཅུད་མ་ལག་གི་རླུང་འགོག་བྱེ་བཅོས་ཀྱི་ནུས་པ་འདོན་སྤེལ་ཐུབ་པ་བྱུང་ནས་བྱེ་རླུང་ཁུལ་གྱི་ས་ཆ་བྱེ་སར་འགྱུར་ཚད་ཆུང་དུ་ཕྱིན་པ། གསུམ་ནི་སྣོད་བཅུད་མ་ལག་གི་ཐཱན་གསོག་ཚད་2.56%མང་དུ་ཕྱིན་པ་དང་ཐཱན་བརྟན་ནུས་བརྟན་པོའི་ཁྲོད་མང་དུ་ཕྱིན་པ་བཅས་རེད།

    “མིག་སྔར་བོད་ལྗོངས་ས་མཐོའི་ཆུ་དང་། མཁའ་རླུང་། ས་རྒྱུ། སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། ཡར་ཀླུང་གཙང་པོ་དང་གནམ་མཚོ་སོགས་གཙང་པོ་དང་མཚེའུའི་ཆུའི་སྤུས་ཚད་དེ་རིགས་དང་པོ་དང་གཉིས་པའི་ཚད་གཞིར་སླེབས་ཡོད། ལྷ་ས་གྲོང་ཁྱེར་སོགས་གྲོང་ཁྱེར་དང་གྲོང་རྡལ་གཙོ་བོའི་ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་ལེགས་ཚད་90%ཡན་ཟིན་ཡོད། ལྗོངས་ཡོངས་ཀྱི་ནགས་ཚལ་དང་། རྩྭ་ར། འདམ་ར། བདག་ཏུ་མ་བཟུང་བའི་སྲོག་ཆགས་སྐྱེ་དངོས་སོགས་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད་པ་དང་། ཕལ་ཆེ་བ་གདོད་མའི་རྣམ་པར་གནས་ཡོད། བོད་ནི་སྔར་བཞིན་འཛམ་གླིང་ཐོག་ཁོར་ཡུག་སྤུས་ཚད་ལེགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད”ཅེས་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དབང་ཧའེ་ཀྲོའུ་ཡིས་བཤད། 

མཛའ་འབྲེལ་དྲ་བ།
010020070840000000000000011100001357870881