གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ ལྗོངས་ ཀྱི་ ས་ ཁུལ་ ཁག་ དང་ སྡེ་ ཚན་ ཁག་ གིས་ ཏང་ གི་ སྐབས་ བཅོ་ བརྒྱད་ པའི་ ཀྲུང་ ཨུ་ ཚང་ འཛོམས་ གྲོས་ ཚོགས་ ཐེངས་ དྲུག་ པའི་ དགོངས་ དོན་ སློབ་ སྦྱོང་ དང་ ལག་ བསྟར་ གཏིང་ ཟབ་ བྱེད་ པ།

 
2016-11-03        གསར་འགྱུར་འབྱུང་ཁུངས། བོད་སྐད་རླུང་འཕྲིན་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཉིན་ཤས་རིང་། བོད་རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་བསམ་བློ་དང་བྱ་སྤྱོད་གཉིས་ཀ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ཤིང་། ཚང་མས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ“འདུ་ཤེས་བཞི”དང་ལྷག་པར་དུ་སྲོག་ཤིང་གི་འདུ་ཤེས་དང་མིག་ལྟོས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་ཏང་ཀྲུང་དབྱང་གི་དབང་གྲགས་དང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱས་ནས་བོད་ཀྱི་བྱ་གཞག་ཁག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུ་ཡིན་ཞེས་བརྗོད་པ་རེད།

    ཟླ་10ཚེས་31ཉིན་བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡིས་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་གཞུང་ཁོངས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་གི་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། བོད་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཙེང་དབན་མིང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་རིམ་ཁག་རྩ་འཛུགས་པུའི་སྡེ་ཚན་དང་རྒྱ་ཆེའི་རྩ་འཛུགས་ལས་དོན་གྱི་ལས་བྱེད་པས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་ནང་འཇུག་པ་དང་། སློབ་སྦྱོང་གི་འཆར་གཞི་དང་ཇུས་གཞི་ཞིབ་ཚགས་བཟོ་བ། ཚང་འཛོམས་གྲོས་ཚོགས་ཀྱི་ཡིག་ཆ་ནན་ཏན་ངང་ཞིབ་ཀློག་བྱེད་པ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་ལེན་པ་བཅས་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་སྟེ་ཏང་གིས་བོད་ལ་སྲིད་འཛིན་པའི་གནས་བབ་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད། ཚོགས་འདུའི་ཐོག་ད་དུང་ཞིང་ཆེན་དང་། བོད་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་གྱི་འདེམས་བསྐོའི་ལས་དོན་ལེགས་པར་བསྒྲུབ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའི་བརྡ་ཐོ་དང་། ཧོ་པེ་སོགས་ཞིང་ཆེན(གྲོང་ཁྱེར། རང་སྐྱོང་ལྗོངས)16གི་སྐབས་བརྗེའི་དར་སྲོལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་ཚུལ་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་སྒྲིག་ཨུད་ལས་ཁུངས་དང་ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའི་བརྡ་ཁྱབ། ཀྲའོ་ཧའེ་ཡན་སོགས་སྐབས་བརྗེའི་སྒྲིག་ཁྲིམས་ལས་འགལ་བའི་གནད་དོན་བདུན་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའི་བརྡ་ཁྱབ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

    ཟླ་10ཚེས་31ཉིན་གྱི་ཕྱི་དྲོ། བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་འཚོགས་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་ལག་བསྟར་དོན་འཁྱོལ་བྱ་ཐབས་ལ་ཞིབ་འཇུག་བཀོད་སྒྲིག་བྱས་པ་རེད། བོད་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཡོན་ཀྲང་བསོད་དར་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཚོགས་འདུའི་ཐོག་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནི་རང་རྒྱལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སྐྱོད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་སུ་འཚོགས་པའི་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་ཚོགས་འདུ་ཞིག་ཡིན་པས། བོད་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས“འདུ་ཤེས་བཞི”དང་ལྷག་པར་དུ་སྲོག་ཤིང་གི་འདུ་ཤེས་དང་མིག་ལྟོས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་མཐའ་འཁྱོངས་བྱས་ནས་མི་དམངས་ཁྲིམས་ཁང་གི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བ་དང་ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས་། ཁྲིམས་ཁང་གི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལྷག་བསམ་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་མི་དམངས་ཁྲིམས་ཁང་གི་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྲིམས་ཁང་ལས་དོན་གྱི་ཕྱོགས་ཁག་ཏུ་ཁྱབ་པར་བྱས་ཏེ་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བརྟན་བརླིང་སྲུང་སྐྱོང་ཏན་ཏིག་བྱས་ནས་བོད་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་རྒྱལ་ཁའི་ངང་འཚོག་ཆེད། ཞི་མཐུན་བརྟན་ལྷིང་གི་ཁྲིམས་སྐྱོང་ཁོར་ཡུག་ཅིག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    ཟླ་10ཚེས་31ཉིན་གྱི་ཕྱི་དྲོ། བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ལས་ཁུངས་ཀྱིས་ཚོགས་འདུ་འཚོགས་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་བྱས་པ་རེད། བོད་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཞིབ་དཔྱོད་དཔོན་ཀྲང་ཧྥེ་ཀྲུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཚོགས་འདུའི་ཐོག་ཞིབ་དཔྱོད་ལས་ཁུངས་ནི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་ཁུངས་ཤིག་ཡིན་པའི་ངོས་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དོན་འཁྱོལ་བྱེད་པ་དང་ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པའི་ཐད་འགན་འཁྲི་ལྕི་པོ་ཕྲག་ཐོག་ཏུ་འཁུར་ཡོད། ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་གོ་བ་ལེན་པ་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་ནི་ཞིབ་དཔྱོད་ལས་ཁུངས་ཀྱི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། དེར་བརྟེན་བོད་ལྗོངས་ཡོངས་ཀྱི་རིམ་ཁག་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ་དང་། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཚད་གཞི》དང《སྲོལ་ཡིག》སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ཁག་ཞིབ་དཔྱོད་ལས་དོན་ཁྲོད་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་བྱས་རྗེས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཆུ་བེད་ཅུས་ཀྱི་ལས་དོན་མི་སྣ་བཀྲ་ཤིས་ཆོས་འཛོམས་ལ་ཕྲག་ཐོག་ཏུ་འགན་འཁྲི་ལྕི་པོ་ཡོད་པ་ཚོར་ལ་ཡིད་ཆེས་ཀྱིས་ཁེངས་པའི་མྱོང་ཚོར་བྱུང་ཞིང་། བཀྲ་ཤིས་ཆོས་འཛོམས་ཀྱིས“གཞི་རིམ་གྱི་ཏང་ཡོན་ཞིག་གི་ངོས་ནས་ང་ཚོར་རྒྱ་ཆེའི་མང་ཚོགས་ལ་དངོས་དོན་སྒྲུབ་པའི་འགན་འཁྲི་ཡོད་པ་དང་སྒྲུབ་འོས་པ་ཞིག་རེད། གང་ལགས་ཤེ་ན། གཞི་རིམ་དུ་བར་ཐག་ཉེ་བའི་སྒོ་ནས་མི་སེར་དང་འབྲེལ་གཏུག་ཐུབ་ལ་མི་སེར་ཚོའི་འཚོ་བའི་གནས་ཚུལ་མྱོང་ཚོར་ཏན་ཏིག་ཐུབ་པས་ཡིན། དེར་བརྟེན་ངའི་བསམ་པར་གཞི་རིམ་གྱི་ཏང་ཡོན་ཞིག་གི་ངོས་ནས་སྲིད་གཞུང་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་བཏང་སྟེ་སྲིད་གཞུང་གི་གཟིགས་སྐྱོང་སྲིད་ཇུས་དག་གཞི་རིམ་གྱི་མི་སེར་ཚོར་བརྒྱུད་བསྒྲགས་དང་མི་སེར་ཚོའི་དཀའ་གནད་དང་གླེང་མང་བའི་གནད་དོན་སྲིད་གཞུང་ལ་ཞུས་ནས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་དགོས་ཀྱི་ཡོད”ཅེས་བཤད། 

 

མཛའ་འབྲེལ་དྲ་བ།
010020070840000000000000011100001358025791