གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ ཀྱིས་ མི་ ལུས་ བདེ་ འཇགས་ སྲུང་ སྐྱོང་ བཀའ་ རྒྱ་ ཨང་ དང་ པོ་ བཏང་ བ།

 
2016-12-27        གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཉེ་ཆར། ལྷ་ས་ཁྲེང་ཀོན་ཆུས་ཁྲིམས་ཁང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱིམ་ཚང་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། བོད་ཀྱིས་མི་ལུས་བདེ་འཇགས་སྲུང་སྐྱོང་གི་བཀའ་རྒྱ་ཨང་དང་པོ་བཏང་བ་རེད། འབྲེལ་ཡོད་ཁོངས་གཏོགས་ཀྱི་སྤྱི་བདེ་ལས་ཁུངས་དང་། གྲོང་ལྷན། བུད་མེད་མཉམ་འབྲེལ་ལྷན་ཚོགས་སྒྲིག་གཞི་བཅས་ལ་དམངས་དོན་ཁྲུན་གཅོད་ཡི་གེ་བསྐྱལ་ཟིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་8པར་སྲུང་སྐྱོང་བཀའ་རྒྱ་རེ་ཞུ་བྱེད་མཁན་ཆོས་ཆེ་གེ་མོ་དང་བཀའ་རྒྱ་གཏོང་ཡུལ་བསྟན་ཆེ་གེ་མོ་ཐོ་འགོད་གཉེན་སྒྲིག་བྱས་པ་རེད། གཉེན་སྒྲིག་བྱས་རྗེས་བསྟན་ཆེ་གེ་མོས་གྲི་ལ་སོགས་པའི་ལག་ཆ་འཁྱེར་ཏེ་འཇིགས་སྣང་སྐུལ་བ་མ་ཟད་ཆོས་ཆེ་གེ་མོར་ཉེས་རྡུང་ཐེངས་མང་བཏང་བ་རེད། ཁོ་གཉིས་ལོགས་སུ་བསྡད་རྗེས་བསྟན་ཆེ་གེ་མོས་ཕྲུ་གུར་ལྟ་རུ་ཡོང་བར་ཁ་གཡར་ནས་ཆོས་ཆེ་གེ་མོར་ཁྱིམ་ཚང་གཏུམ་སྤྱོད་སྤྱད་དེ་ཁོ་མོའི་མི་ལུས་བདེ་འཇགས་ལ་ཉེན་ཁ་ཚབས་ཆེན་བཟོས།

    ཆོས་ཆེ་གེ་མོས་གྱོད་དོན་སྙན་ཞུ་བྱས་རྗེས། ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་ཁོ་མོར་གནས་སྐབས་འགེབས་སྲུང་གནས་དང་ཞུ་གཏུག་མཛུབ་ཁྲིད་མཁོ་འདོན་བྱས་པ་རེད། ཆོས་ཆེ་གེ་མོས་མི་ལུས་བདེ་འཇགས་སྲུང་སྐྱོང་བཀའ་རྒྱ་རེ་ཞུ་བྱས་པར། ཁྲེང་ཀོན་ཆུས་ཁྲིམས་ཁང་ནས་འདྲི་གཅོད་བྱས་ནས་བཀའ་རྒྱ་གཏོང་ཡུལ་བསྟན་ཆེ་གེ་མོས་རེ་ཞུ་མཁན་ཆོས་ཆེ་གེ་མོར་ཁྱིམ་ཚང་གཏུམ་སྤྱོད་སྤྱོད་རྒྱུ་མཚམས་འཇོག་དགོས་པ་མ་ཟད། བཀའ་རྒྱ་གཏོང་ཡུལ་བསྟན་ཆེ་གེ་མོས་ཆོས་ཆེ་གེ་མོ་དང་ཁོ་མོའི་གཉེན་ཉེར་བསྙད་བསྐོ་བ་དང་། རྗེས་འདེད། འབྲེལ་བ་བཅས་བྱེད་མཚམས་འཇོག་དགོས་པའི་ཁྲུན་ཐག་བཅད། ཁྲུན་ཐག་བཅད་ཉིན་ནས་དུས་ཡུན་ཟླ་བ་དྲུག་ནང་ཚུན་དུ་གོ་ཆོད་ཀྱི་ཡོད།

    མི་ལུས་བདེ་འཇགས་སྲུང་སྐྱོང་བཀའ་རྒྱ་བརྒྱུད་གཏུམ་སྤྱོད་སྤེལ་མཁན་དང་སྤེལ་ཡུལ་དབར“དངོས་ཁམས་ལོགས་དབྱེ”བྱེད་པ་ནི་རྒྱལ་སྤྱི་སྤྱི་ཡོངས་སུ་སྤྱོད་པའི་ཁྱིམ་ཚང་གཏུམ་སྤྱོད་མྱོང་མཁན་ལ་སྲུང་སྐྱོང་བྱེད་པའི་དམངས་དོན་བཙན་ཐབས་ཤིག་རེད། 2008ལོ་ནས་རང་རྒྱལ་གྱིས་རྒྱལ་ཡོངས་ཀྱི་གཞི་རིམ་ཁྲིམས་ཁང་9ལ་ཁྱིམ་ཚང་གཏུམ་སྤྱོད་ལ་ངོ་རྒོལ་གྱིས་མི་ལུས་སྲུང་སྐྱོང་བྱེད་པའི་ཁྲུན་གཅོད་ཚོད་ལྟ་བྱས་པ་རེད། 2015ལོའི་ཟླ་3ཚེས་1ཉིན《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱིམ་ཚང་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》དངོས་སུ་ལག་ལེན་བསྟར་འགོ་ཚུགས་པ་རེད། བཅའ་ཁྲིམས་ནང“དོ་བདག་ལ་ཁྱིམ་ཚང་གཏུམ་སྤྱོད་ཕོག་པའམ་ཁྱིམ་ཚང་གཏུམ་སྤྱོད་ཕོག་པའི་ཉེན་ཁ་དངོས་གནས་འཕྲད་ཚེ། མི་དམངས་ཁྲིམས་ཁང་ལ་མི་ལུས་བདེ་འཇགས་སྲུང་སྐྱོང་བཀའ་རྒྱ་རེ་ཞུ་བྱེད་པ་དང་མི་དམངས་ཁྲིམས་ཁང་གིས་ཀྱང་བདག་སྤྲོད་བྱེད་དགོས་པ”ཐོག་མར་འཁོད་ཡོད་པ་རེད།

    གྱོད་གཞི་འདིའི་འདྲི་གཅོད་པ། ཁྲེང་ཀོན་ཆུས་ཁྲིམས་ཁང་གི“བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་ལྷན་གྲོས་ཁྲིམས་སའི”ཐིང་ཀྲང་གནམ་མཚོས“གྱོད་གཞི་འདིས་བོད་དུ་ཁྲིམས་ལྟར་མི་ལུས་བདེ་འཇགས་སྲུང་སྐྱོང་བཀའ་རྒྱ་རེ་ཞུ་བྱེད་པའི་འགོ་ཚུགས་པ་མ་ཟད། ཁྲིམས་ལུགས་ཀྱི་ཐབས་ལམ་བརྒྱུད་བུད་མེད་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི”ངོས་འཛིན་བྱེད་ཀྱི་འདུག

    བཀའ་རྒྱ་གཏོང་ཡུལ་བསྟན་ཆེ་གེ་མོ་སྡོད་སའི་ཁོངས་གཏོགས་ཁུལ་གྱི་སྡེ་ཁུལ་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་བདེ་སྐྱིད་ཀྱིས“སྡེ་ཁུལ་གྲོང་ལྷན་གྱིས་སྡེ་ཁུལ་ཉེན་དོན་ཁང་དང་མཉམ་ལས་བྱས་ཏེ་དུས་ཚོད་གཏན་འཁེལ་གྱིས་བསྟན་ཆེ་གེ་མོའི་བསམ་སྤྱོད་ལ་ཤེས་རྟོགས་བྱས་ཐོག སྲུང་སྐྱོང་བཀའ་རྒྱ་ནུས་ལྡན་ངང་ལག་ལེན་བསྟར་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།

    ཉེ་བའི་ལོ་ཤས་རིང་། བོད་ཀྱིས་རྒྱུན་ཆད་མེད་པར་བུད་མེད་ཀྱི་ཁེ་དབང་འགན་སྲུང་མ་ལག་དང་ཁེ་དབང་སྲུང་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཞིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱིས《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས〉ལག་ལེན་བསྟར་བའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》ལ་བཟོ་བཅོས་བརྒྱབ་སྟེ། བུད་མེད་ཀྱི་ཁེ་དབང་ཁྲིམས་སྐྱོང་ཁོར་ཡུག་ལེགས་སུ་བཏང་བ་རེད། ལྷ་ས་ཁྲེང་ཀོན་ཆུས་ཁྲིམས་ཁང་གིས་བོད་ཀྱི“བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་ལྷན་གྲོས་ཁྲིམས་ས”ཐོག་མ་དེ་བཙུགས་ནས་ལོ་གཉིས་རིང་ཁྱིམ་ཚང་རྩོད་གཞི་དང་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་གྱོད་གཞི་བརྒྱ་ལྷག་འདྲི་གཅོད་བྱས་པ་རེད། བོད་རང་སྐྱོང་ལྗོངས་བུད་མེད་བཅའ་ཁྲིམས་རོགས་སྐྱོར་ས་ཚིགས་དང་རང་སྐྱོང་ལྗོངས་བུད་མེད་བཅའ་ཁྲིམས་ཁེ་དབང་སྲུང་སྐྱོང་གི་ཁྲིམས་རྩོད་ཚོགས་པའང་ཉེ་དུས་སྔ་རྗེས་སུ་བཙུགས་པས་ཁྱིམ་ཚང་གཏུམ་སྤྱོད་ཕོག་པ་དང་དེ་མིན་གྱི་ཁེ་དབང་ལ་གྱོང་གུན་ཕོག་པའི་བུད་མེད་ལ་རིན་མི་དགོས་པར་བཅའ་ཁྲིམས་རོགས་སྐྱོར་བྱ་རྒྱུ་ཐོབ་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001359356801