བོད་ལྗོངས།
༄༅།།བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་བོད་དུ་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་བ།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་རབ་དང་རིམ་པས་བོད་ཀྱི་དུས་བབ་གསར་པའི་འོག་གི་མི་རིགས་མཐུན་སྒྲིལ་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་པ་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

    བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ངང་ཏང་གི་མི་རིགས་ལས་དོན་གྱི་མཛད་ཕྱོགས་དང་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་པ་དང་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་མི་རིགས་མཐུན་སྒྲིལ་དེ་ཐོག་མཐའ་བར་གསུམ་དུ་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩར་བརྩིས་ནས“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོ་འཛུགས་པ་དང་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱ་རྒྱུ་དེ་བརྗོད་དོན་གཙོ་བོར་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་རྒྱུ་དམ་འཛིན་བྱེད་སར་བྱེད་པ། དྲིལ་བསྒྲགས་སློབ་གསོ་དང་སྐུལ་གཏོང་གཟེངས་བསྟོད་བྱ་རྒྱུ་འདྲེན་རྟེན་དུ་བྱེད་པ་བཅས་བྱས་ནས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ཟམ་མི་ཆད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་བའི་ཐད་ལྗོངས་ཡོངས་ཀྱི་གོང་འོག་ཀུན་ཏུ་མི་རིགས་ཁག་གི་སྤུན་ཟླའི་དབར་བརྩེ་སེམས་ཟབ་པ་དང་། ལྟ་སྐྱོང་རོགས་རེས། འཆམ་མཐུན་མཉམ་གནས། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཀྱི་རྣམ་པ་བཟང་པོ་མངོན་བཞིན་ཡོད།

    “བོད་ཀྱི་ལས་དོན་མཐའ་དག་མི་རིགས་མཐུན་སྒྲིལ་ལ་བསམ་གཞིག་བྱེད་དགོས”

    མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཡག་པོ་བསྒྲུབ་པར་འགག་རྩ་ཏང་ལ་ཐུག་པ་དང་མིར་ཐུག་ཡོད།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲ་བཞི་སྡེ་ཁུལ་དུ་བོད་རིགས་དང། རྒྱ་རིགས།ཧུད་རིགས་སོགས་མི་རིགས་མང་པོ་ཡོད་པ་དེ་ནི་མི་རིགས་མང་པོ་མཉམ་སྡོད་ཁུལ་གྱི་དཔེ་མཚོན་ཞིག་རེད། “རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་རྟེན་གཞིར”མིང་བཏགས་པའི་སྡེ་ཁུལ་དེར་མི་རིགས་ཁག་གི་མང་ཚོགས་4000ཙམ་སྡོད་པ་དང་མི་རེའི་ལོའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་ཟིན་གྱི་ཡོད།

    སྡེ་ཁུལ་གྲོང་མི་ཨུ་ལྷན་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་བསོད་ནམས་བག་གྲོས་གསར་འགོད་པར་ལོ་མང་རིང་གྲོང་མི་ཨུ་ལྷན་དང་མང་ཚོགས་རྡོག་རྩ་གཅིག་ཏུ་སྒྲིལ་ནས་བསམ་བློ་གཅིག་ཏུ་གཏོང་བ་དང་ངར་ཤུགས་གཅིག་ཏུ་བསྒྲིམས་པས་དངོས་ཚན་དཔལ་འབྱོར་སྟོབས་ཇེ་ཆེར་ཕྱིན་པ་དང་ཚོང་ཁང་དང་། བཟའ་བཏུང་། ལས་སྣོན་སོགས་ཞབས་ཞུའི་ལས་རིགས་ཇེ་རྒྱས་སུ་སོང་ཡོད། སྡེ་ཁུལ་འཕེལ་རྒྱས་གཏོང་བའི་ཆ་རྐྱེན་ཡག་ཤོས་ནི་བོད་རིགས་དང་། རྒྱ་རིགས། ཧུད་རིགས་བཅས་མི་རིགས་ཁག་དབར་ཕན་ཚུན་མཐུན་སྒྲིལ་དང་ཕན་ཚུན་རོགས་རམ་བྱ་རྒྱུ་དེ་ཡིན་ཞེས་བཤད་པ་དང་ཁོང་གིས“སུས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བསམ་ཀྱང་ང་ཚོས་གཏན་ནས་ཁས་ལེན་མི་སྲིད”ཅེས་ཚིག་ཐག་ཆོད་པོས་བཤད།

    གྲྭ་བཞི་སྡེ་ཁུལ་འདི་ཉིད་བོད་ཀྱི་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་གཅེས་པའི་བསྡུས་རིས་ཞིག་ཡིན་ཞིང་། ཏང་གི་མི་རིགས་སྲིད་ཇུས་ཀྱི་གཟི་བྱིན་འོག་མི་རིགས་ཁག་གི་མང་ཚོགས་ཚོས་མཛེས་སྡུག་ལྡན་པའི་འཚོ་བའི་ཕྱོགས་སུ་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད།

    མི་རིགས་ལས་དོན་ནི་སྤྱི་ཡོངས་དང་འབྲེལ་བ་ཡོད་ཅིང་། བོད་ཀྱི་མི་ཁྲི་317ཁྲོད་བོད་རིགས་དང་། རྒྱ་རིགས། ཧུད་རིགས། མོན་པ་རིགས། ལྷོ་པ་རིགས། འཇང་རིགས་སོགས་མི་རིགས་40ལྷག་ཙམ་དང་དེ་བཞིན་ཤར་པ་དང་ཏེང་པ་སོགས་ཡོད་པ་དང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གིས་95.74%བཟུང་ཡོད། བོད་ཀྱི་མི་རིགས་མཐུན་སྒྲིལ་ལས་དོན་ཡག་པོ་བསྒྲུབ་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པ་དང་། བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་སྤྱི་ཡོངས་དང་འབྲེལ་བ་ཡོད་པ། མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ཁམས་བཟང་དང་འབྲེལ་བ་ཡོད་པ་བཅས་རེད།

    “བོད་ཀྱི་བྱ་བ་མཐའ་དག་མི་རིགས་མཐུན་སྒྲིལ་དང་འབྲེལ་བ་ཡོད་པ་དང་བོད་ཀྱི་ལས་དོན་མཐའ་དག་མི་རིགས་མཐུན་སྒྲིལ་ལ་བསམ་གཞིག་བྱེད་དགོས”བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་པར་དང་ཐོག་བོད་ཀྱི་མི་རིགས་ལས་དོན་ཡག་པོ་བསྒྲུབ་དགོས་ཀྱི་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འཐབ་ཇུས་དང་སྤྱི་ཡོངས་ཀྱི་མཐོ་ཚད་ནས་མི་རིགས་མཐུན་སྒྲིལ་དེ་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་ལས་དོན་ནང་བཅུག་ཡོད།

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་འགན་འཁྲི་འགངས་ཆེན་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་གི་མི་རིགས་སྲིད་ཇུས་ཁྱོན་ཡོངས་དང་ཡང་དག་པའི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་གཏོང་བའི་བྱེད་ཐབས་འགངས་ཆེན་རབ་དང་རིམ་པ་བཏོན་ཡོད།

    《〈དུས་བབ་གསར་པའི་འོག་གི་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར〉ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཏོན་ནས་མི་རིགས་ལས་དོན་གྱི་ལམ་སྲོལ་ཆགས་པ་དང་།

    ལོ་ལྟར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་ཏེ་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་བྱེད་སྒོ་ལས་ཁུངས་དང་། ཁེ་ལས། གྲོང་གསེབ། སྡེ་ཁུལ། སློབ་གྲྭ དམག་སྒར། དགོན་སྡེ་བཅས་སུ་སྤེལ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཚན་པ་དང་། དཔེ་སྟོན་ས་ཚིགས། དཔེ་སྟོན་སློབ་གླིང་བཅས་གསར་གཏོད་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་དཔྱད་འདེམས་བྱེད་སྒོ་སྤེལ་བས་མི་ཚང་མས་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་བ་བྱ་རྒྱུའི་བརྩོན་ལེན་བྱེད་པ་དང་མི་ཚང་མས་མི་རིགས་མཐུན་སྒྲིལ་ལ་ལེགས་སྐྱེས་འབུལ་བའི་གོམས་སྲོལ་བཟང་པོ་ཆགས་པ།

    མཐའ་དར་དམངས་ཕྱུག་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་མཐའ་མཚམས་སྟོབས་ཆེར་དང་སྲ་བརྟན་གཏོང་བ་དང་མཐའ་དར་དམངས་ཕྱུག་ལྟེ་བར་བྱས་ནས་དར་རྒྱས་གོང་འཕེལ་དང་བརྟན་ལྷིང་སྲུང་སྐྱོང་དང་མཐའ་མཚམས་སྲ་བརྟན་གཏོང་བའི་འགག་རྩ་གཉིས་ལ་དམ་འཛིན་བྱས་ཏེ་མཐའ་མཚམས་ལ་རོགས་སྐྱོར་དང་། མཐའ་མཚམས་སྟོབས་ཆེར་གཏོང་བ། མཐའ་མཚམས་དར་རྒྱས་གཏོང་བ། མཐའ་མཚམས་གྲ་རྒྱས་སུ་གཏོང་བ། མཐའ་མཚམས་ལ་ཕན་འདོགས་པ། མཐའ་མཚམས་སྔོ་ལྗང་དུ་འགྱུར་བ་བྱེད་པ། མཐའ་མཚམས་བརྟན་ལྷིང་ཡོང་བ་བྱེད་པ། མཐའ་མཚམས་སྲ་བརྟན་གཏོང་བ་བཅས་ཕྱོགས་བརྒྱད་ཐད་ནས་ཤུགས་བརྒྱབ་པས་མི་འབོར་ཅུང་ཉུང་བའི་མི་རིགས་དང་མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་གོམ་སྟབས་མངོན་གསལ་དོད་པོས་མགྱོགས་སུ་ཕྱིན་ཏེ་མཐའ་མཚམས་འགག་སྒོའི་སྲ་ཞིང་མཁྲེགས་པའི་ཟངས་གྱང་ལྕགས་རྩིག་བསྐྲུན་པ་བཅས་རེད།

    ད་ཆའི་བོད་ལྗོངས་ལ་རྒྱང་ལྟ་བྱས་ཚེ་ཕན་ཚུན་སྣོལ་མར་ཆགས་པའི་བོད་བཟོའི་མང་ཚོགས་སྡོད་ཁང་སྟར་པ་རེ་རེ་བཞིན་དང་། ཡངས་ཤིང་འདྲོང་བའི་གྲོང་གསེབ་ཀྱི་གཞུང་ལམ་རེ་རེ་བཞིན། ཁ་པར་དང་། བརྙན་འཕྲིན། གློག་ཀླད་བཅས་དུད་ཚང་ཁྲི་སྟོང་མང་པོར་ཁྱབ་པ་ལ་སོགས་བྱུང་སྟེ་མཐུན་སྒྲིལ་བྱས་པ་ལས་བརྟན་ལྷིང་དང་འཕེལ་རྒྱས་བྱུང་ནས་མི་རིགས་ཁག་གི་མི་སེར་ལ་སྤྲོ་བ་དཔག་མེད་སྦྱིན་ཡོད། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཅེས་སྐྱོང་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད། མི་རིགས་སྲིད་ཇུས་ཀྱི་དར་ཆ་བཅས་འོག་དྲང་ནུས་སྟོབས་ཆེན་གཅིག་ཏུ་བསྡུས་ཏེ་མི་རིགས་ཁག་ཐུན་མོང་ཐོག་འཕེལ་རྒྱས་དང་ཐུན་མོང་ཐོག་དར་རྒྱས་འགྲོ་བའི་བརྗིད་ཆེའི་རྣམ་པ་ཞིག་གངས་ལྗོངས་ས་མཐོར་རིམ་བཞིན་མངོན་ཡོད།

    “མི་རིགས་ཁག་གི་མི་དམངས་ཁྱིམ་ཚང་གཅིག་ལྟར་ཡིན”

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པར་མི་རིགས་གཅིག་ཀྱང་མི་ལུས་པ་བྱེད་དགོས”ཞེས་བསྟན་གནང་ཡོད།

    ཕྱོགས་ཡོངས་ནས་འབྱོར་འབྲིང་བསྐྲུན་པར་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་དང་ཐུན་མོང་ཐོག་འབད་འཐབ་བྱ་རྒྱུ་དང་ཁ་འབྲལ་ཐབས་མེད།

    ཡར་ཀླུང་གཙང་པོའི་དབུས་རྒྱུད་དང་གཉན་ཆེན་གདང་ལ་དང་ཧི་མ་ལ་ཡའི་དབར་གནས་པའི་སྨན་གླིང་རྫོང་ཆབ་ནག་ཤང་བརླ་མདོ་གྲོང་ཚོའི་ཆ་སྙོམས་ས་བབ་སྨི་2950ཟིན་པ་དེ་རྒྱལ་ཡོངས་ཀྱི་ཡུལ་སྐོར་གནས་མཆོག—ཡར་ཀླུང་གཙང་པོའི་གྲོག་རོང་ཆེ་མོར་བསྐྱོད་པའི་བརྒྱུད་དགོས་ངེས་ཀྱི་ཡུལ་ཞིག་ཡིན་ཞིང་། ལོ་མང་རིང་ས་ཆ་དེ་གའི་མང་ཚོགས་ཀྱིས“དྭངས་ཤིང་གཙང་བའི་རི་ཆུ་བསྲུངས་བཞིན་འཚོ་བ་སྐྱོ་པོ་བསྐྱལ་ཡོད”

    དེ་ནི་བོད་རྒྱ་མི་རིགས་མཐུན་སྒྲིལ་གྱི་ལག་གདང་སྦྲེལ་ནས་ཡུལ་སྐོར་ལས་རིགས་གཉེར་ཏེ་འབྱོར་འབྲིང་ལམ་བུར་བསྐྱོད་པའི་དངོས་ཡོད་ཀྱི་གཏམ་རྒྱུད་ཅིག་ཡིན་ཞིང་།

    2014ལོའི་སྟོན་དུས་སུ་ཧོ་ནན་ལུའོ་དབྱང་ནས་བོད་དུ་ཡུལ་སྐོར་བྱེད་པར་འོང་བའི་ཕན་ཅིང་ཕང་ཁྱོ་ཤུག་བརླ་མདོ་གྲོང་ཚོར་འབྱོར་སྐབས་ཡིད་དུ་འོང་བའི་མཛེས་ལྗོངས་དང་དྭངས་གཙང་ལྷད་མེད་ཀྱི་དམངས་སྲོལ་ལ་ཡིད་དབང་འཕྲོག་ནས་དེ་གར་གཞིས་བཅས། ས་ཆ་དེ་གའི་སྲིད་གཞུང་གི་རྒྱབ་སྐྱོར་འོག་ཁོང་གཉིས་པོས་བརླ་མདོའི་གྲོང་ཚོའི་གྲོང་མི་དུད་ཚང་49དང་མཉམ་དུ་མ་དངུལ་སྒོར་ཁྲི་50གྲབས་གསོག་བྱས་ཏེ“ས་ཆ་ཞིག་བཙལ་ནས་སྡོད”ཅེས་པའི་སྤུས་དག་འགྲུལ་ཁང་ཞིག་བཙུགས་པ་དང་ལས་གཉེར་བྱས་པས་ལོ་གཅིག་ལས་མ་འགོར་བར་ཡོང་འབབ་སྒོར་ཁྲི་14བྱུང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་ནང་སའི་དཔལ་འབྱོར་དང་། རིག་གནས། མི་སྣ་བཅས་ཕྱོགས་གཉིས་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལྗོངས་ནང་ཁུལ་གྱི་མང་ཚོགས་ནང་སར་ལས་ཞུགས་དང་ནང་སའི་མང་ཚོགས་རང་ལྗོངས་སུ་ལས་ཀ་བྱེད་པ་དང་འཚོ་བ་སྐྱེལ་རྒྱུར་སྐུལ་འདེད་གཏོང་བ་དང་། མི་རིགས་ཁག་གི་སློབ་མ་འཛིན་གྲྭ་མཉམ་མཚུངས་དང་སློབ་གྲྭ་གཅིག་ནང་བསྐྱོད་པ་དང་མི་རིགས་ཁག་གི་མང་ཚོགས་མཉམ་དུ་ལས་གཏོད་བྱ་རྒྱུར་སྐུལ་འདེད་བཏང་ནས་ཕན་ཚུན་ཕྲ་བཏབ་པ་ལྟར་གྱི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་སྡེ་ཁུལ་གྱི་ཁོར་ཡུག་རྒྱ་ཁྱབ་ངང་བཏོད་དེ་བོད་རྒྱ་ཡིག་རིགས་གཉིས་སྦྱོང་རེས་བྱེད་པའི་བྱེད་སྒོ་སྤེལ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས་མི་རིགས་ཁག་གི་མང་ཚོགས་མཉམ་དུ་སྡོད་པ་དང་། མཉམ་དུ་སློབ་སྦྱོང་བྱེད་པ། མཉམ་དུ་ལས་དོན་སྒྲུབ་པ། མཉམ་དུ་སྤྲོ་སྐྱིད་གཏོང་བ་བཅས་ཀྱི་རྣམ་པ་ཟབ་མོ་བཏོད་ཡོད།

    ལྷ་ས་གྲོང་ཁྱེར་གྲོང་ཁུལ་རྙིང་པའི་གཙུག་ལག་ཁང་གི་ལྷོ་ནུབ་ཟུར་དུ་གནས་པའི་ཀླུ་སྒུག་སྡེ་ཁུལ་དུ་བོད་རིགས་དང་། རྒྱ་རིགས། ཧུད་རིགས། ཡུ་གུར་རིགས། སོག་རིགས། དབྱིས་རིགས། ཧོར་རིགས། པའེ་རིགས། འཇང་རིགས། ཁྲའོ་ཞན་རིགས་བཅས་དང་དེ་བཞིན་ལྷོ་པ་དང་མོན་པ་སོགས་མི་རིགས་མང་པོ་འཚོ་སྡོད་བྱེད་ཀྱི་ཡོད། ཀླུ་སྒུག་སྡེ་ཁུལ་དུ་མི་རིགས་ཁག་གི་གྲོང་མི་མང་ཚོགས་མཐུན་སྒྲིལ་གཅེས་སྐྱོང་དང་ཕན་ཚུན་རོགས་རེས་བྱས་ནས་སུའི་ཁྱིམ་དུ་དཀའ་ངལ་ཡོད་ཚེ་ཚང་མས་རང་འགུལ་ངང་རོགས་རམ་ཧུར་ཐག་བྱེད་ཀྱི་ཡོད་པ་རེད། སྡེ་ཁུལ་དེ་ལྷ་ས་གྲོང་ཁྱེར་དང་དེ་བཞིན་ཁྲེང་ཀོན་ཆུས་ཀྱིས་སྔོན་ཐོན་གྱི་མི་རིགས་སྒོ་ར་ཆེ་མོར་ཐེངས་མང་འདེམས་མྱོང་ཡོད་པས་ཚང་མས་སྡེ་ཁུལ་དེར“མི་རིགས་མཐུན་སྒྲིལ་གྱི་སྡེ་ཁུལ་ཆེ་མོ”ཞེས་བརྗོད་ཀྱི་ཡོད།

    “མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་པའི་སྤྱི་དམངས་ཡག་པོ་ཞིག་བྱེད་དགོས”

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་རིགས་མཐུན་སྒྲིལ་བྱེད་པར་གཙོ་བོ་སེམས་པ་གཅིག་ཏུ་སྒྲིལ་རྒྱུར་ཐུག་པ་དང་། གཞན་སར་རང་བཞག་ནས་སེམས་པ་མཐུན་པ་བྱེད་དགོས་པ་དང་མི་རིགས་ཁག་གི་སྤུན་ཟླའི་དབར་སྙིང་ཉེ་བ་དང་ལྟ་རེས་སྐྱོང་རེས་བྱས་ཏེ་ཐུན་མོང་ཐོག་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་དགོས”ཞེས་པ་དང“ངེས་པར་དུ་ཕྱོགས་ཡོངས་ནས་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཡང་དག་པའི་ངང་ལག་བསྟར་བྱས་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་ཡི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་མོས་སེམས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས”ཞེས་ནན་བཤད་ཡང་ཡང་གནང་བ་རེད།

    འདི་ལོའི་ཟླ་གསུམ་པའི་ཟླ་མཇུག་ཏུ་ཞིང་འབྲོག་མང་ཚོགས་དང་། གཞོན་ནུ་ལོ་ཆུང་སློབ་མ། དགོན་སྡེའི་གྲྭ་བཙུན། གཞུང་ཁོངས་ཁེ་ལས་ཀྱི་ལས་བཟོ་བཅས་ལ་ཕྱོགས་པའི“ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་དང་། མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན། ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན། ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན”བཅས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་ལེ་དབར་ཁྲི་ཡི་ས་མཐོར་སྤེལ་འགོ་ཚུགས་པ་རེད། བྱེད་སྒོ་དེ་སྤེལ་བའི་དམིགས་ཡུལ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བསམ་བློའི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་གཞི་རིམ་དུ་རྩ་བ་ཚུགས་པ་དང་ཡལ་ག་རྒྱས་རྒྱུར་སྐུལ་འདེད་གཏོང་ཆེད་ཡིན་པ་རེད།

    ལྷོ་ཁ་གྲོང་ཁྱེར་དུ་ཆོས་ལུགས་ཁྱབ་ཁོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་ཚོགས་པ་ལྷུན་རྩེ་རྫོང་དང་། མཚོ་སྣ་རྫོང་། ཟངས་རི་རྫོང་བཅས་ཀྱི་དགོན་སྡེ་ཁག་ཏུ་བསྐྱོད་ནས་གཅིག་སྡུད་སྒྲོག་འགྲེལ་དང་གསོ་སྦྱོང་མཛུབ་ཁྲིད་སོགས་ཀྱི་བྱེད་ཐབས་བརྒྱུད“མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན”གྱི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད། གྲ་ནང་རྫོང་སྨིན་གྲོལ་གླིང་དགོན་པའི་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ཀྱིས་རང་ཉིད་འཚར་ལོངས་ཀྱི་ཉམས་མྱོང་དང་རྒྱལ་ཁབ་ཀྱི་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་ཁག་ལོངས་སྤྱོད་བྱེད་ཚུལ་དང་དེ་བཞིན་སྨིན་གྲོལ་གླིང་དགོན་པའི་ལོ་རྒྱུས་ཐོག་ནས་རྒྱ་ཆེའི་དགེ་འདུན་པ་ཚོར་རང་རྒྱལ་ནི་མི་རིགས་མང་པོ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་དང་བོད་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དབར་ཁྲག་རྒྱུན་གཅིག་ཏུ་སྦྲེལ་ནས་ཁ་འབྲལ་ཐབས་མེད་པའི་ལོ་རྒྱུས་ཀྱི་འབྱུང་ཁུངས་ཡོད་པའི་སྐོར་བརྗོད་ནས་དགེ་འདུན་པ་ཚོར་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ཐོབ་སླ་བ་ཞིག་མིན་པ་ཤེས་སུ་བཅུག་ཡོད། རྒྱ་ཆེའི་དགེ་འདུན་པར་བོད་བརྒྱུད་ནང་བསྟན་གྱི་དྲིན་ཚོར་བ་དང་དྲིན་འཇལ་བའི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱེད་པ་དང་བླ་མ་སྐྱེས་ཆེན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་བླ་ན་མེད་པའི་ཀུན་སྤྱོད་སློབ་སྦྱོང་བྱས་ནས་ཏང་གཅེས་དང་། རྒྱལ་གཅེས། ཆོས་གཅེས་བཅས་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་ཀྱིས་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། སེམས་པ་གཅིག་སྒྲིལ་བཅས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད། སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་ལ་ཕན་པའི་བྱེད་ཐབས་བཟང་པོ་མང་ཙམ་སྤྱད་ནས་དུས་ནམ་ཡང“ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་དང་མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན”བྱེད་པའི་དགེ་འདུན་པ་བཟང་པོ་ཞིག་བྱེད་དགོས་པའི་སློབ་གསོ་བརྒྱབ་ཡོད།

    ལྷག་བསམ་ཟོལ་མེད་བྱས་ཚེ་བརྩེ་བ་དངོས་ཐོབ་པ་དང་དཀའ་སྤྱད་འབད་བརྩོན་བྱས་ཚེ་བསྔགས་བརྗོད་བཟང་པོ་ཐོབ་སྲིད། རྒྱ་ཆེའི་གྲོང་སྡོད་ལས་བྱེད་པས་ཞིང་འབྲོག་ཁུལ་གྱི་མཐའ་ཡས་པའི་ས་གཞིའི་ཐོག་མི་རིགས་མཐུན་སྒྲིལ་གྱི་དད་སེམས་ཀྱི་ས་བོན་འདེབས་པ་དང་མི་རིགས་མཐུན་སྒྲིལ་གྱི“སྐལ་བཟང་མེ་ཏོག”ལ་ཆུ་འདྲེན་ཡོད། གྲོང་སྡོད་ལས་དོན་སྤེལ་འགོ་ཚུགས་པ་ནས་བཟུང་། གྲོང་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་དང་སྐྱིད་སྡུག་མཉམ་མྱོང་བྱས་ནས་མི་རིགས་མཐུན་སྒྲིལ་སྐོར་རྟག་ཏུ་བརྗོད་པ་དང་སེམས་ནང་བཞག་ནས་བྱ་སྤྱོད་ངོ་མའི་ཐོག་འཁྱོལ་བ་བྱས་ཡོད་པ་དང་། བྱ་བ་ཆུང་ཙག་ནས་ལྷག་བསམ་རྣམ་དག་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་སྐུལ་འདེད་པ་བྱས་ནས་མི་རིགས་ཁག་གི་མང་ཚོགས་སྤུན་ཟླ་ལྟར་སྙིང་ཉེ་བ་དང་། ལྟ་སྐྱོང་རོགས་རེས། གཅིག་སེམས་གཅིག་སྒྲིལ། ལག་གདང་སྦྲེལ་བ་བཅས་བྱ་རྒྱུར་སྐུལ་འདེད་བཏང་ནས་སེ་འབྲུ་ལྟར་རྡོག་རྩ་གཅིག་ཏུ་སྒྲིལ་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཐུན་མོང་ཐོག་བརྩམས་ཡོད།

    ཉིང་ཁྲིར“བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ་གྱི་འོད་ཟེར་ཕོ་ཉ”ཞེས་བསྔགས་བརྗོད་བྱེད་པའི་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་མིག་ནད་ཚན་ཁག་གི་སྨན་པ་ལི་ཝུན་ཧྲེང་གིས་ལོ་10ཡི་རིང་བྱང་ཆུབ་པའི་བསྐྱར་མཐོང་སྨན་བཅོས་ལག་རྩལ་ལ་བརྟེན་ནས་མི་རིགས་ཁག་གི་སྐྱ་གྲིབ་ཕོག་པའི་ནད་པ་1500ལྷག་ཙམ་ལ་སླར་ཡང་འོད་སྣང་མཐོང་ཐུབ་པ་བྱས་པ་རེད། ཁོང་གིས་ད་དུང་མེ་ཏོག་རྫོང་དུ་བསྐྱར་མཐོང་གཤགས་བཅོས་ཐེངས་མང་བྱེད་པར་བསྐྱོད་ནས་མེ་ཏོག་རྫོང་གི་མོན་པ་དང་ལྷོ་པ་རིགས་ཀྱི་སྐྱ་གྲིབ་ཕོག་པའི་ནད་པ་75ཡིས་མཛེས་སྡུག་ལྡན་པའི་འཛམ་གླིང་མཐོང་ཐུབ་པ་བྱུང་བ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001366178951