བོད་ལྗོངས།
༄༅།།ལོ་ལྔའི་རིང་འཕྲོད་བསྟེན་བོད་སྐྱོར་ཐད་དངུལ་སྒོར་དུང་ཕྱུར་115ལྷག་ཙམ་བཏང་བ།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་གྱི་འཕྲོད་བསྟེན་དང་བདེ་ཐང་བོད་སྐྱོར་ལས་དོན་ཐད་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ལོ་ལྔའི་རིང་ཀྲུང་དབྱང་ནོར་སྲིད་དང་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17གྱིས་ཁྱོན་མ་དངུལ་སྒོར་དུང་ཕྱུར་115.97བཏང་ནས་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱས་ཡོད། བོད་སྐྱོར་སྨན་བཅོས་རུ་ཁག་300བཏང་བ་དང་ནད་པ་མི་ཐེངས་ཁྲི་300ལྷག་ཙམ་ལ་སྨན་བཅོས་བྱས་པ་དང་གཤགས་བཅོས་ཐེངས་ཁྲི་2ལྷག་ཙམ་བྱས་ཡོད། སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྒྲིག་འཛུགས་ལག་བསྟར་བྱས་ཏེ་རིམ་རྩིས་བྱས་ན་ཁག་གསུམ་གྱི་ཐོག་ནས་ཁྱོན་རིགས་གཅིག་མཁས་ཅན་480བོད་དུ་བཏང་ནས་ཚོགས་སྒྲིག་རྣམ་པའི་རོགས་རམ་ལས་དོན་སྤེལ་ཡོད། ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་ཐུམ་འབུའི་ནད་སྔོན་འགོག་རིགས་གཅིག་མཁས་ཅན་ཚོགས་ཆུང་བཙུགས་པ་དང་འབྲེལ་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་དེ་བཞིན་འབྲེལ་ཡོད་ཚན་པ་བཅས་སྒྲིག་འཛུགས་བྱས་ནས་བོད་རང་སྐྱོང་ལྗོངས་ཀྱིས་ཐུམ་འབུའི་ནད་གྲལ་བཤེར་ལས་དོན་སྤེལ་རྒྱུར་གཞོགས་འདེགས་བྱས་ཡོད།

    མིག་སྔར། བོད་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་རིམ་གྱིས་འཐུས་སྒོ་ཚང་དུ་ཕྱིན་པ་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་ཆ་སྙོམས་ཅན་གྱི་ཆུ་ཚད་དང་གཞི་རྩའི་སྨན་བཅོས་འགན་ལེན་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་མ་ཟད། ཤེས་ལྡན་མི་སྣའི་དཔུང་ཁག་བསྐྲུན་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་ཐེབས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་ཚད་གཞི་ལེགས་སུ་ཕྱིན་ཡོད།

    འདི་ལོ་རང་རྒྱལ་གྱིས་བདེ་ཐང་དབུལ་སྐྱོར་གྱི་འདུ་འགོད་མུ་མཐུད་ལག་བསྟར་གཏིང་ཟབ་བྱས་ཏེ་ཐུམ་འབུའི་ནད་དང་། གྲུམ་བུ་ཚིགས་ཆེན་གྱི་ནད། འདུས་འདྲིལ་གཅོང་ནད། བྱི་རིམས་སོགས་ས་མཐོའི་ཐོན་མང་བའི་རིམས་ནད་སྨན་བཅོས་ལ་ནོར་སྲིད་ཀྱིས་ཁ་གསབ་བྱེད་པ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ནས་ནད་གཞིས་རྐྱེན་པས་དབུལ་པོ་ཆགས་པའི་མང་ཚོགས་ལ་སྨན་བཅོས་རོགས་སྐྱོབ་དང་། གནས་སྐབས་རོགས་སྐྱོབ། དགེ་སྒྲུབ་རོགས་སྐྱོབ་སོགས་བྱ་རྒྱུ་དང་གཞི་རྩའི་འགན་ལེན་དང་མཐའ་སྐྱོང་རྩ་དོན་མཐའ་འཁྱོངས་བྱས་ཏེ་གྲོང་གསེབ་ཀྱི་མི་འབོར་དབུལ་པོའི་སྨན་བཅོས་མཐའ་སྐྱོང་འགན་ལེན་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ་གནད་སྨིན་གྱི་ཐོག་ནས་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་འགན་སྲུང་ཐུབ་པ་བྱ་རྒྱུ་དང་འབྲེལ་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་སྨན་ཁང་དུ་སྡོད་སྐབས་མི་སྒེར་གྱིས་སྤྲོད་རྒྱུའི་སྨན་རིན་བསྡུར་ཚད་10%ནང་ཚོད་འཛིན་བྱ་རྒྱུ་དང་སྒོ་བརྟེན་སྨན་ཁང་བསྟེན་སྐབས་མི་སྒེར་གྱིས་སྤྲོད་རྒྱུའི་སྨན་རིན་བསྡུར་ཚད་20%ནང་ཚོད་འཛིན་བྱ་རྒྱུ་ཡིན་པ་རེད། སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་གཏིང་ཟབ་སྤེལ་རྒྱུ་དང་འབྲེལ་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་མི་དམངས་སྨན་ཁང་ལ“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ལས་དོན་མུ་མཐུད་སྤེལ་རྒྱུ་མ་ཟད། བོད་ཀྱི་རྫོང་དབུལ་པོ་74ལ་ཚོགས་སྒྲིག་རྣམ་པའི་རོགས་རམ་ལས་དོན་སྤེལ་རྒྱུ་རེད།

    རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་འདི་ལོའི་མ་དངུལ་དང་། རྣམ་གྲངས། སྲིད་ཇུས་བཅས་ཚང་མ་བོད་རང་སྐྱོང་ལྗོངས་ཀྱི་ཤིན་ཏུ་དབུལ་པོའི་ས་ཁུལ་ལ་ཕྱོགས་ནས་ས་ཁུལ་དབུལ་པོའི་ཤེས་ལྡན་མི་སྣའི་དཔུང་ཁག་བསྐྲུན་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ“གཞན་བརྟེན”ནས“རང་བརྟེན”དུ་འགྱུར་བ་བྱ་རྒྱུ་ཡིན། རྒྱང་ཁྲིད་སྨན་བཅོས་ཞབས་ཞུ་མགྱོགས་མྱུར་འཕེལ་རྒྱས་བཏང་ནས“བདེ་ཐང་ཆེ་མོའི”བོད་སྐྱོར་དང“འཕྲོད་བསྟེན་ཆེ་མོའི”བོད་སྐྱོར་གྱི་འདུ་ཤེས་གསར་པ་བཙུགས་ཏེ་བདེ་ཐང་སློབ་གསོ་དང་བདེ་ཐང་སྐུལ་འདེད་ལ་ཤུགས་སྣོན་རྒྱག་པ་དང་། རིམས་ནད་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། བོད་ཀྱི་གསོ་རིག་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར། སྔོན་འགོག་གཙོར་བཟུང་དང་ལས་དོན་མདུན་ཕྱོགས་སུ་སྤེལ་རྒྱུ་མཐའ་འཁྱོངས། འགོག་བཅོས་ཟུང་འབྲེལ་བཅས་བྱས་ཏེ་བོད་ཀྱི་འཕྲོད་བསྟེན་ལས་དོན་དེ“སྨན་བཅོས་ལྟེ་བར་བྱེད་པ”ནས“བདེ་ཐང་ལྟེ་བར་བྱེད་པའི”ཕྱོགས་སུ་སྒྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་བྱུང་།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001366179401