བོད་ལྗོངས།
རི་ཁུག་ནས་སྤོས་པས་ཕྱུག་འགྱུར་ཐབས་ལམ་བཟང་།

    སྟེང་ཆེན་རྫོང་དཀྱིལ་མཁར་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་གྱི་མཐོང་ཐོས།

    འདི་ནི་སྟེང་ཆེན་རྫོང་གྱང་སྔོན་ཤང་དཀྱིལ་མཁར་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས་ཀྱི་རྣམ་པ་གསར་པ་ཡིན་པ།

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད། གྱང་སྔོན་ཤང་ཏང་ཨུད་དང་སྲིད་གཞུང་གིས་ཡུལ་གཞན་དུ་གནས་སྤོས་བྱ་རྒྱུ་དེ་ལས་ཀའི་གཙོ་གནད་དུ་བརྩིས་ནས“དབུལ་སྒྲོལ་ཁག་གཅིག་ལྔ”རྨང་གཞིར་བྱས་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ལས་དོན་ཧུར་ཐག་སྤེལ་ཏེ་མང་ཚོགས་དབུལ་པོ་སྤོ་ཐུབ་པ་དང་། གནས་ཐུབ་པ། ཕྱུག་འགྱུར་ཐུབ་པ་བཅས་ཡོང་བ་བྱས་ཡོད།

    སྤོ་ཐུབ་པ། རི་ཁུག་དབུལ་པོ་ནས་སྤོས་པ།

    དེ་སྔའི་གྱང་སྔོན་ཤང་གི་དཀྱིལ་མཁར་གྲོང་ཚོ་ད་ཆའི་གནས་སྤོས་བཀོད་སྒྲིག་བྱ་ཡུལ་རྩ་འདྲ་ཐང་དང་བར་ཐག་སྤྱི་ལེ་9ཡིས་ཆོད་པ་དང་། དབྱར་དུས་རི་ལྡེབས་ཀྱི་ལམ་འདམ་བག་གིས་ཁེངས་པ་དང་དགུན་དུས་ཁ་བ་ཆེན་པོས་ལམ་འགགས་ནས་འགྲུལ་བཞུད་ཧ་ཅང་སྟབས་བདེ་མེད་པའི་ཁར། མང་ཚོགས་ཀྱི་སྡོད་ཁང་70%ཡན་རྙིང་ཧྲུལ་ཡིན་པ་རེད།

    དཀྱིལ་མཁར་གྲོང་ཚོའི་ཧྲུའུ་ཅི་བློ་བཟང་རྡོ་རྗེས་ཐག་རིང་གི་རི་ཁུག་དེར་མཛུབ་མོ་བཙུགས་ནས་དཀྱིལ་མཁར་གྲོང་ཚོར་ཁྱོན་དུད་ཚང་442དང་མི་2798ཡོད་པའི་ཁྲོད་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་59དང་མི་144ཡོད། དབུལ་པོར་གྱུར་པའི་རྒྱུ་རྐྱེན་གཙོ་བོ་ནི་མི་འབོར་དབུལ་པོ་ཕལ་ཆེ་བ་འབྲོག་ཁུལ་དུ་ཡོད་པས་འཚོ་གནས་ཁོར་ཡུག་ཞན་པ་དང་། སྤྱོད་ཆོག་པའི་ཐོན་ཁུངས་ཉུང་བ། ཁྱིམ་ཚང་དབུལ་པོར་མི་མང་བའི་ཁར་གཟུགས་པོ་དེ་ཙམ་ཐང་པོ་མེད་པ། མང་ཚོགས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་ཞན་པ། མི་འབོར་དབུལ་པོའི་ཡོང་འབབ་འཕར་འགོར་བ། མི་འབོར་དབུལ་པོ་ཅུང་མང་བ་བཅས་ཡོད་པས་དབུལ་སྒྲོལ་གྱི་ལས་འགན་ལྕི་པོ་ཡོད་ཅེས་གསར་འགོད་པར་བཤད་བྱུང་།

    གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད། གྱང་སྔོན་གྲོང་ཚོའི་ཏང་ཨུད་དང་སྲིད་གཞུང་གིས་མང་ཚོགས་དབུལ་པོ་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་གནད་དོན་ཤེས་རྟོགས་བྱ་རྒྱུ་འཇུག་གཞིར་བྱས་ནས“འཚོ་བ་སྐྱེལ་སའི་ཁྱིམ་གཞིས་ཡོད་པ་དང་འཚོ་གནས་ལ་འགན་ལེན་ཡོད་པ་བྱེད་པའི”དམིགས་ཚད་ལ་དམ་པོར་དམིགས་ནས་གནས་སྤོས་གནད་སྨིན་བྱ་ཡུལ་དང་། གནས་སྤོས་གནད་སྨིན་བྱ་ཐབས། གནད་སྨིན་ལས་གྲྭའི་འཕེལ་རིམ་བཅས“གནད་སྨིན་གསུམ”གྱི་བྱ་ཐབས་སྤྱད་དེ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ལས་གྲྭར་སྐུལ་འདེད་ཤུགས་ཆེན་བཏང་ཡོད།

    གྲོང་ཚོའི་ཨུ་ལྷན་གཉིས་ཀྱིས་སྣེ་ཁྲིད་དེ“ས་ཕག་ཁང་པ་བཤིགས་པ་དང་འཐབ་ཚང་དང་གསང་སྤྱོད་བཟོས་པས”མང་ཚོགས་ཀྱིས་དངོས་དངོས་རྗེན་རྗེན་གྱི་སྲིད་ཇུས་བཟང་པོ་དོན་འཁྱོལ་བྱེད་ཚུལ་མཐོང་ནས་གནས་སྤོས་ལ་ཞུགས་པའི་མང་ཚོགས་ཀྱི་ཧུར་སེམས་ཆེ་རུ་བཏང་ཡོད།

    གནས་སྤོས་བྱ་ཡུལ་གདམ་གསེས་བྱས་ནས་ཁོང་ཚོར་དཀའ་ངལ་ཐག་གཅོད་བྱེད་རོགས་ཧུར་ཐག་བྱས་ཏེ“སྤོ་མི་དགོས་པ་སྤོ་བ་དང་། སྤོ་དགོས་པ་མི་སྤོ་བ། སྤོ་མི་འདོད་པ་སྤོ་རུ་བཅུག་པ”བཅས་ཀྱི་སྣང་ཚུལ་མ་ཐོན་སྔོན་འགོག་ནུས་ལྡན་བྱས་པ་དང་། རིམ་པ་བཞིན་ནན་ཏན་ངང་གདམ་གསེས་བྱས་པ་བརྒྱུད་གནས་སྤོས་བྱ་ཡུལ་གཏན་འཁེལ་བྱས་པ་རེད།

    གནས་སྤོས་བྱ་ཡུལ་གཏན་འཁེལ་བྱས་པ། “བརྟེན་པ་དྲུག་དང་། སྟབས་བདེ་ལྔ། གཡོལ་བ་གཉིས”བཅས་ཀྱི་རྩ་དོན་གཞིར་བཟུང་། “ཁང་མིག་བརྒྱད་དང་། སྒོ་རྩིས་ཚོང་ཁང་། ཐང་ཆེན་བཅས་ཡོད་པ”དམིགས་ཚད་དུ་བཟུང་བ་དང་། གནས་སྤོས་ས་ཁོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་མཐར་དཀྱིལ་མཁར་གྲོང་ཚོའི་རྩ་འདྲ་ཐང་རང་བྱུང་གྲོང་ཚོ་བཀོད་སྒྲིག་བྱ་ཡུལ་དུ་གཏན་འཁེལ་བྱས་པ་རེད།

    གྱང་སྔོན་ཤང་གི་ཤང་ཀྲང་ལི་མིང་ཀང་གིས་ཕྱོགས་ཁག་གིས་འབད་བརྩོན་བྱས་པ་བརྒྱུད་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་35ཡིས་གནས་སྤོས་གྲོས་མཐུན་ལ་མིང་རྟགས་བཀོད་དེ་རྩ་འདྲ་ཐང་བཀོད་སྒྲིག་བྱ་ཡུལ་ལ་སྤོ་རྒྱུའི་མོས་མཐུན་བྱས་པས“ལུང་ཁུག་དང་། ཐག་རིང་། ཁ་ཐོར”བཅས་ཀྱི་འབྲོག་ཁུལ་ནས“ཐང་ཆེན་དུ”སྤོ་ཐུབ་ནས“གནས་སྤོ་ཐུབ་པའི”དམིགས་ཚད་རགས་ཙམ་མངོན་འགྱུར་བྱུང་ཡོད།

    གནས་ཐུབ་པ། ཁང་གསར་བསྐྲུན་པ།

    ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ལས་གྲྭ་འཛུགས་སྐྲུན་གྱི་སྤུས་ཚད་དང་འཕེལ་རིམ་ལ་འགན་ལེན་བྱ་ཆེད། གྱང་སྔོན་ཤང་ཏང་ཨུད་དང་སྲིད་གཞུང་གིས“གཞི་རྩ་འགན་ལེན་དང་བདེ་འཇགས་དང་སྤྱོད་གོ་ཆོད་པའི”རྩ་དོན་གཞིར་བཟུང་། ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད།

    འཆར་གཞི་ཇུས་འགོད་བྱེད་སྐབས་སྡོད་ཁང་བཟོ་སྐྲུན་གྱི་རྒྱ་ཁྱོན་མི་རེར་ཆ་སྙོམས་སྨི་ངོས་གྲུ་25ལས་བརྒལ་མི་རུང་བའི་བླང་བྱར་ནན་པོ་གཞིགས་ནས་འཆར་འགོད་བྱས་པ་དང་། སྲིད་ཇུས་ཀྱི་དམར་ཐིག་ནན་པོར་བསྲུངས་ནས་སྡོད་ཁང་སྐྲུན་པའི་མ་གནས་ཚོད་འཛིན་བྱས་ཡོད།

    གནས་སྤོས་དུད་ཚང་གནས་སྤོས་བྱས་པའི་དབང་གིས་བུ་ལོན་ཟུག་པ་དང་གནས་སྤོས་བྱས་པའི་དབང་གིས་དབུལ་སྒྲོལ་ལ་ཤུགས་རྐྱེན་མ་ཐེབས་སྔོན་འགོག་ནན་པོ་བྱས་ནས་གནས་སྤོ་བྱས་ཚེ“སྒྲིག་ཆས་ཆ་ཚང་བའི”དམིགས་ཚད་མངོན་འགྱུར་བྱས་ཡོད།

    ཚད་གཞི་ནན་པོས་འཛུགས་སྐྲུན་བྱས་ནས“སྲིད་གཞུང་གིས་གཙོ་ཁྲིད་དང་སྡེ་ཚན་གྱིས་གཞོགས་འདེགས་བྱེད་པའི”རྩ་དོན་མཐའ་འཁྱོངས་བྱས་པ་དང་། ས་གནས་དེ་གའི་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་མཐུན་སྦྱོར་ཧུར་ཐག་བྱས་ཏེ་རྣམ་གྲངས་དོན་འཁྱོལ་དང་། མ་དངུལ་འགན་ལེན། རྒྱུ་ཆ་མཁོ་འདོན། ས་ཆ་སྤྱོད་པ། འཆར་འགོད་བྱེད་པ། ཁོར་ཡུག་དཔྱད་དཔོག ས་གཤིས་རྩད་ཞིབ་སོགས་ཀྱི་ཐད་སྡེ་ཚན་ཁག་གིས་གཞོགས་འདེགས་ཡག་པོ་བྱས་ཏེ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ཡག་པོ་ཐུབ་ཆེད་ལས་གྲྭ་འཛུགས་སྐྲུན་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་རྒྱུ་འགན་ལེན་བྱས་ཡོད།

    དུས་ངེས་མེད་ཀྱིས་ཨར་པོ་རྒྱག་ཡུལ་དུ་ཁོར་ཡུག་དང་ལས་སྒྲུབ་ཀྱི་བདེ་འཇགས་ལ་ལྟ་ཞིབ་བྱས་ནས་གནད་དོན་ཤེས་རྟོགས་ཐུབ་ཚེ་དུས་ཐོག་ཏུ་དག་ཐེར་དོན་འཁྱོལ་ལ་སྐུལ་འདེད་བཏང་བས་རྣམ་གྲངས་ཀྱི་སྤུས་ཚད་དང་འཕེལ་རིམ་ལ་འགན་ལེན་ནུས་ལྡན་བྱུང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། དཀྱིལ་མཁར་གྲོང་ཚོར་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་དུ་ཁྱོན་དུད་ཚང་35ཡོད་པ་ལས་ཡུལ་གཞན་དུ་གནས་སྤོས་དུད་ཚང་26དང་མཉམ་དུ་སྤོས་པའི་དུད་ཚང་9ཡོད། དུད་ཚང་རེའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་ངོས་གྲུ་129.75ཡོད་པ་དང་འཛུགས་སྐྲུན་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་4581ཡོད། ལས་གྲྭ་ན་ནིང་གི་ཟླ་7པར་ལས་འགོ་བཙུགས་ཏེ་འདི་ལོའི་ཟླ་5པའི་ཟླ་མཇུག་ཏུ་མཇུག་འགྲིལ་བ་རེད། ལས་གྲྭར་ཁྱོན་མ་དངུལ་སྒོར་ཁྲི་2291བཏང་བ་དང་ཁང་པ་རེར་སྒོར་ཁྲི་26.9ཟིན་པའི་ཁར་སྲིད་གཞུང་གིས་ཁ་གསབ་སྒོར་ཁྲི་10སྤྲད་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་གིས་སྒོར་ཁྲི་16.9རང་གྲབས་བྱས་ནས་ལོ་3ནང་འཕྲོད་པ་བྱས་ཏེ་ཁང་པའི་སྤ་སེའང་གཅིག་གྱུར་བཟོས་པ་རེད།

    གྱང་སྔོན་ཤང་ཏང་ཨུད་ཧྲུའུ་ཅི་འཆི་མེད་རྡོ་རྗེས“ས་ཆ་འདེམས་བསྡུ་དང་། ཁང་པའི་བཟོ་དབྱིབས་འདེམས་པ། དངོས་སུ་ཨར་ལས་འགོ་བཙུགས་པ་ནས་ད་ཆ་ཨར་ལས་བསྐྲུན་ཚར་བའི་བར་ཤང་ཏང་ཨུད་དང་སྲིད་གཞུང་གིས་གོང་རིམ་གྱི་བླང་བྱ་ལྟར་སྤུས་ཚད་འགན་ལེན་བྱས་པས་ཡུལ་གཞན་དུ་གནས་སྤོས་ལས་གྲྭའི་འཛུགས་སྐྲུན་སྤུས་ཚད་ལྡན་པའི་ངང་ལེགས་གྲུབ་བྱུང་སྟེ་འདི་ལོའི་ཟླ་8པར་གནས་སྤོའི་མང་ཚོགས་དངོས་སུ་ཁང་པར་སྡོད་ཐུབ་པ་བྱུང་ཡོད”ཅེས་གསར་འགོད་པར་བཤད་བྱུང་།

    ཕྱུག་པོ་ཆགས་ཐུབ་པ། དབུལ་སྒྲོལ་ཐུབ་ནས་ཡོང་སྒོ་མང་དུ་སོང་བ།   

    མང་ཚོགས་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་ཆེད་གྱང་སྔོན་ཤང་གིས་རང་སྐྱོང་ལྗོངས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ལས་ཀའི་བླང་བྱ་ལྟར་ཐོན་ལས་སྔོན་ལ་འཇོག་རྒྱུ་གནས་སྤོའི་སྔོན་འགྲོའི་ཆ་རྐྱེན་དུ་བརྩིས་ཏེ་དཀྱིལ་མཁར་གྲོང་ཚོའི་ཧྥུ་ཐའེ་བྱེ་རྡོ་སོ་ཕག་བཟོ་གྲྭ་བཙུགས་པ་རེད།

    ས་ཕག་བཟོ་གྲྭ་འཛུགས་ཆེད་དཀྱིལ་མཁར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བློ་བཟང་རྡོ་རྗེ་དང་གྲོང་ཚོའི་ཀྲུའུ་རེན་བློ་རྡོར་གཞོན་པས་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་འགྲོ་བ་དང་ཆབས་ཅིག་སྟེང་ཆེན་རྫོང་རྡོ་རྒྱུ་ཁྲོམ་རའི་དགོས་མཁོ་ཉིན་བཞིན་ཆེ་རུ་སོང་བ་དང་། ལྷག་པར་དུ་ཉེ་བའི་ལོའི་རིང་སྟེང་ཆེན་རྫོང་གིས་རིམ་ཁག་སྡེ་ཚན་གྱི་རྒྱབ་སྐྱོར་འོག་འགྲིམ་འགྲུལ་དང་ཆུ་བེད་ལས་གྲྭ་སོགས་ཀྱི་འཛུགས་སྐྲུན་གོམ་སྟབས་མགྱོགས་སུ་བཏང་བ་དང་། ཉེ་འཁོར་ས་ཁུལ་དུ་བྱེ་རྡོ་སྤྱོད་མང་བ་དང་ཁྲོམ་རའི་དགོས་མཁོའི་མདུན་ལམ་ཡང་ཆེན་པོ་ལྡན་པས་དཀྱིལ་མཁར་གྲོང་ཚོར་བྱེ་རྡོའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དེས་བྱེ་རྡོའི་བཟོ་གྲྭ་བརྒྱབ་ཚེ་སྟེང་ཆེན་རྫོང་གི་རྡོ་རྒྱུ་མཁོ་སྤྲོད་ཀྱི་དགོས་མཁོ་ཐག་གཅོད་ཐུབ་པ་མ་ཟད་མང་ཚོགས་ཀྱི་ཡོང་འབབ་ཀྱང་མང་དུ་འགྲོ་རྒྱུར་ཕན་པ་ཡོད་པ་སོགས་ཕྱོགས་མང་པོ་ནས་ཤེས་རྟོགས་བྱུང་ཡོད།

    དེར་བརྟེན་2016ལོའི་ཟླ་8པར་མ་དངུལ་སྒོར་ཁྲི་200བཏང་བའི་གྱང་སྔོན་ཤང་དཀྱིལ་མཁར་གྲོང་ཚོ་ཧྥུ་ཐའེ་གསེག་མ་དང་སོ་ཕག་བཟོ་གྲྭ་རྒྱག་འགོ་བཙུགས་པ་དང་། བཟོ་གྲྭ་ནི་ཤང་སྲིད་གཞུང་ནས་ཤར་གྱི་སྤྱི་ལེ་7གྱི་སར་ཡོད་པའི་རྩ་འདྲ་ཐང་རང་བྱུང་གྲོང་ཚོར་གནས་ཤིང་། ཟླ་9པར་བཟོ་གྲྭ་བརྒྱབ་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་རྦད་དེ་རང་འགུལ་ཅན་གྱི་དེང་རབས་སྒྲིག་ཆས་ནང་འདྲེན་བྱས་པ་དང་འབྲེལ་ཆེད་ལས་ལག་རྩལ་མི་སྣ་2ནས་3བར་གདན་དྲངས་ཏེ་འབྲོག་པར་ཉིན་30ཡི་གསོ་སྦྱོང་མཛུབ་སྟོན་ཡང་བྱས་པ་རེད།

    གྱང་སྔོན་ཤང་དཀྱིལ་མཁར་གྲོང་ཚོའི་ཧྥུ་ཐའེ་བྱེ་རྡོ་སོ་ཕག་བཟོ་གྲྭས་ཉིན་རེར་སོ་ཕག་སྨི་རྒྱ་དཔངས་གྲུ་བཞི་300བཟོ་བས། ན་ནིང་རྒྱལ་ཁབ་གློག་དྲའི་རིགས་ཀྱི་དུམ་བུ་ང་པ་དང་སྒོར་ཁྲི་52ལྷག་གི་བྱེ་རྡོ་ཉོ་སྒྲུབ་ཀྱི་གན་རྒྱ་བཞག་པ་དང་། ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་བྱ་ཡུལ་དང་གན་རྒྱ་བཞག་སྟེ་འཕྲུལ་འཁོར་གྱིས་སོ་ཕག་ཐོན་སྐྱེད་བྱེད་འགོ་ཚུགས་པའི་ཟླ་བ་གཅིག་ནང་ཐོན་སྐྱེད་རིན་ཐང་སྒོར་ཁྲི་28ཟིན་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་59ཡི་མི་144དང་དབུལ་པོར་ཉེ་བའི་དུད་ཚད་56ལ་སྣེ་ཁྲིད་ཐུབ་ནས་བགོ་འགྲེམ་ཐོབ་ཡོད།

    ཡུལ་མི་དོན་གྲུབ་རིན་ཆེན་འདི་ལོ་ལོ་27ཡིན་པ་དང་ཁྱིམ་ལ་མི་8ཡོད། ཁོང་ལ་ཕྲུ་གུ་མང་ལ་རྒན་རྒོན་ཡོད་པའི་ཁར་ངལ་ནུས་3ལས་མེད། དེ་སྔ་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་2ཙམ་ལས་མེད་ནའང་། ན་ནིང་ཟླ་དྲུག་པར་དོན་གྲུབ་རིན་ཆེན་སོ་ཕག་བཟོ་གྲྭའི་ལས་ཀར་ཕྱིན་ནས་ཚ་ལ་རྒྱག་པ་དང་འཕྲུལ་འཁོར་ཉམས་བཟོ་སོགས་བྱས་ནས་ལོ་གཅིག་ལ་གླ་ཆ་སྒོར་ཁྲི་3ཙམ་བྱུང་ཡོད།

    ངལ་ནུས་ཐོན་ལས་འཕེལ་རྒྱས་ལ་དམིགས་སུ་བཀར་ནས་དམ་འཛིན་བྱས་ནས་མང་ཚོགས་དབུལ་པོ་ཕྱིར་གླ་པ་རྒྱུག་པ་དང་ལས་ཀ་འཚོལ་བར་འགྲོ་རྒྱུར་སྣེ་ཁྲིད་བྱ་རྒྱུ་ནི་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་རེད། དེར་བརྟེན་ཞིང་འབྲོག་པའི་ལས་ཞུགས་ལ་སྐུལ་འདེད་གཏོང་ཆེད། སྟེང་ཆེན་རྫོང་མི་སྤྱི་ཅུས་ཀྱིས་གྱང་སྔོན་ཤང་གི་མང་ཚོགས་དབུལ་པོར་འདོན་འཇུག་འཕྲུལ་འཁོར་དང་། རྐོ་འབྲུའི་འཕྲུལ་འཁོར། བོད་ཟས། སྦག་སྦག་འཁོར་ལོ་ཉམས་བཟོ་སོགས་ཀྱི་རྩལ་ནུས་ལག་རྩལ་གསོ་སྦྱོང་བྱས་ནས་དུས་ཐེངས་གསུམ་གཉེར་བར་མི་ཐེངས་90ཙམ་ཞུགས་པ་དང་གསོ་སྦྱོང་འགྲོ་གྲོན་ལ་སྒོར་ཁྲི་35ལྷག་དང་མི་རེར་གསོ་སྦྱོང་འགྲོ་གྲོན་སྒོར་3500ཙམ་བཏང་ཡོད།

    ཡུལ་མི་ཐར་དགེས་རྫོང་མཁར་དུ་སྤྲོ་གསེང་བྱ་ཡུལ་ཞིག་བཙུགས་ནས་གྲོང་ཚོའི་དུད་ཚང་དབུལ་པོའི་མི་6ལས་ཀ་བྱེད་པར་ཡོང་བར་ཟླ་རེར་གླ་ཕོགས་སྒོར་3000ལྷག་ཙམ་ཡོད་པས་མང་ཚོགས་ཀྱི་ཡོང་འབབ་ཆེས་ཆེར་མང་དུ་སོང་ཡོད།

    དཀྱིལ་མཁར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཞུས་ཞན་ཧྭས་མང་ཚོགས་ཀྱི་ཡོང་སྒོ་མང་དུ་གཏོང་ཆེད། གྱང་སྔོན་ཤང་གིས་དཀྱིལ་མཁར་གྲོང་ཚོར་ས་མཐོའི་སྣོད་བཅུད་བཟང་བའི་ཞོག་ཁོག་དམར་པོ་བཏབ་ཅིང་། 2016ལོར་མུའུ་400ཡི་སར་ཞོག་ཁོག་དམར་པོ་ཚོད་ལྟ་བྱས་ནས་བཏབ་པར་ཕན་འབྲས་ཡག་པོ་བྱུང་བ་དང་ཆ་སྙོམས་ཡུལ་མི་མི་རེ་ངོ་རེར་སྒོར་8446བྱུང་ཡོད། འདི་ལོར་དཀྱིལ་མཁར་གྲོང་ཚོས་ཡང་ཞོག་ཁོག་དམར་པོ་མུའུ་800བཏབ་པ་རེད།

    སྟེང་ཆེན་རྫོང་ཨུད་ཀྱི་རྒྱུན་ཨུ་རྫོང་དཔོན་གཞོན་པ་སུན་ཅིན་གྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་པ་དེས་མང་ཚོགས་དབུལ་པོའི་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་ཕྱིན་ནས་གྲོང་གསེབ་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་པ་མ་ཟད། ཐོན་ལས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཐེབས་ནས་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་བྱུང་སྟེ་ཞིང་འབྲོག་ཁུལ་འཕེལ་རྒྱས་བརྟན་པོ་ཡོང་བར་ནུས་པ་ཆེན་པོ་འདོན་ཐུབ་ཡོད་ཅེས་གསར་འགོད་པར་བཤད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།
010020070840000000000000011100001367101501