བོད་ལྗོངས།
བོད་ཀྱིས“རྒྱུད་གཅིག་ལམ་གཅིག”ནང་ཧུར་ཐག་ཞུགས་ཏེ་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་པ།

    ཉེ་བའི་ལོ་ཤས་རིང་བོད་ཀྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་སྦྲེལ་མཐུད་ཧུར་ཐག་བྱས་ཏེ་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་ཐད་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར་47.28ཟིན་ནས་དུས་མཚུངས་ལས་22.1%འཕར་ཡོད།

    ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བྱས་པའི་གྲངས་གཞི་ལས་མངོན་པར། འདི་ལོ་ཚུན་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྲུབ་ཆ་ཟམ་མི་ཆད་པར་ལེགས་སུ་ཕྱིན་ཡོད། དམིགས་བསལ་དུ་སྤྱིར་བཏང་གི་ཉོ་ཚོང་གིས་མཐའ་མཚམས་ཀྱི་གྲངས་ཉུང་ཉོ་ཚོང་བསྙེགས་བརྒལ་ཐུབ་ནས་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཉོ་ཚོང་བྱ་ཐབས་གཙོ་བོར་གྱུར་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར་སྤྱིར་བཏང་ཉོ་ཚོང་ཐད་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་29.99ཟིན་ནས་དུས་མཚུངས་ལས་80.5%འཕར་བ་དང་དུས་མཚུངས་ཀྱི་བོད་ཀྱི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་གི་63.4%བཟུང་ནས་དུས་མཚུངས་ལས་བརྒྱ་ཆའི་གྲངས་20.5འཕར་ཡོད།

    ལྷ་ས་འགག་སྒོ་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་བས་འདི་ལོ་ཚུན་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་མགྱོགས་མྱུར་འཕར་བ་དེ་ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ཀྱི“མཉེན་མཁྲེགས་ཁོར་ཡུག”སྔར་བས་ལེགས་སུ་སོང་བ་ལས་བྱུང་བ་ཞིག་ཡིན། “ཁོར་ཡུག་མཉེན་པོ”ནི་བོད་ཀྱིས་མཐའ་མཚམས་ཉོ་ཚོང་ཁྲོམ་ར་དང་མཐའ་མཚམས་མང་ཚོགས་ཀྱི་ཉོ་ཚོང་ས་ཚིགས་འཛུགས་སྐྲུན་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་སྟེ“མཐའ་དར་དམངས་ཕྱུག”འཐབ་ཇུས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་པ་དང་། 《བོད་ཀྱི་ཨེ་ཤེ་ཡ་ལྷོ་མར་སྒོ་དབྱེ་བའི་བགྲོད་ལམ་གལ་ཆེན་འཛུགས་སྐྲུན་འཆར་འགོད》བཏོན་ཏེ“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ལེན་ཧུར་ཐག་ཞུས་ནས་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ཆེད་སྒུལ་ཤུགས་ཆེན་པོ་བསྣན་པ་དེ་རེད་ཅེས་བཤད།

    མཐའ་མཚམས་ཉོ་ཚོང་ནི་བོད་ཀྱིས་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་སྤྱི་འདོམས་འོག་ཨེ་ཤེ་ཡ་ལྷོ་མར་སྒོ་འབྱེད་པའི་གལ་ཆེའི་བགྲོད་ལམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལྟེ་བའི་ལས་འགན་ཡིན་པ་དང་། ཚོང་དོན་པུའུ་སོགས་རྒྱལ་ཁབ་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་འོག་བོད་ཀྱིས་ཕྱི་ཕྱོགས་རོགས་སྐྱོར་སོགས་ཀྱི་སྲིད་ཇུས་རང་བཞིན་གྱི་མ་དངུལ་སྤྱད་དེ་སྐྱིད་གྲོང་དང་འགྲམ་འགག་སྒོའི་ཕྱོགས་སུ་ནེ་པ་ལར་གཞུང་ལམ་དང་ཟམ་པ་སོགས་རྨང་གཞིའི་སྒྲིག་བཀོད་བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་པ་མ་ཟད། ནེ་པ་ལ་ཕྱོགས་དང་གློག་དྲ་དང་འཕྲིན་གཏོང་སོགས་མཉམ་ལས་རྣམ་གྲངས་ལག་ལེན་བསྟར་བའི་གྲོས་བསྡུར་བྱས་ཏེ་ཀྲུང་ནེའི་བགྲོད་ལམ་སྦྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་བཏང་ཡོད།

    མིག་སྔར“ཀྲུང་ནེའི་མཛའ་གྲོགས་བཟོ་ལས་གླིང”དང“ནེ་པ་ལ·ཀྲུང་གོའི་བོད་ཀྱི་རིག་གནས་ཐོན་ལས་གླིང”ཧི་མ་ལ་ཡའི་མཁའ་འགྲུལ་སོགས་དཔལ་འབྱོར་ཉོ་ཚོང་མཉམ་ལས་རྣམ་གྲངས་གལ་ཆེན་ཁག་གཅིག་ཛ་དྲག་ངང་བསྐྲུན་བཞིན་ཡོད་པ་རེད།  

    “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱིས་ད་དུང་ཁེ་ལས་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་རག་པ་དང་། བོད་ཀྱི་ཁེ་ལས་ཀྱིས་དེར་བརྡ་ལན་ཧུར་ཐག་ཞུས་ཏེ་ཕྱི་རྒྱལ་དུ་རྣམ་གྲངས་གཉེར་ཡོད། ན་ནིང་ཟླ་9པར་བོད་ལྗོངས་ལི་པོ་འཛུགས་སྐྲུན་ཚད་ཡོད་ཀུང་སིས་ཨེ་ཙེ་ཨོ་ཕི་ཡའི་མཐོ་གནོན་གློག་སྐུད་འཁྲིད་པའི་རྣམ་གྲངས་བླངས་པས། ཨ་ཧྥེ་རི་ཁ་ས་མཐོར་ཡོང་འབབ་གསོག་པར་འགྲོ་མཁན་བོད་ཀྱི་དམངས་གཉེར་ཁེ་ལས་དང་པོར་གྱུར་ཡོད། མིག་སྔར་བོད་དུ“ཕྱིར་སྐྱོད་པའི”འདོད་འདུན་ཡོད་པའི་ཁེ་ལས་38ཟིན་པ་དང་དངོས་སུ་ཕྱིར་བསྐྱོད་པའི་ཁེ་ལས་10ལྷག་ཙམ་ཟིན་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་རྐྱང་ཞིག་གྲུབ་དང་གྲུབ་མུས་ཡིན་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།
010020070840000000000000011100001367102331