བོད་ལྗོངས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་གལ་ཆེན་ལ་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ།

    “བློ་མཐུན་སྒྲོལ་དཀར་དང་གཡང་འཛོམས་ལ། ཁམས་བཟང་། ཁྱེད་གཉིས་ཀྱི་འཕྲིན་ཡིག་འབྱོར་བར་ང་རང་སེམས་འགུལ་ཆེན་པོ་ཐེབས་བྱུང་། ས་བབ་མཐོ་ཚད་སྨི་3600ལྷག་ཙམ་དང་ལོ་ལྟར་ལོ་ཕྱེད་ཙམ་ཁ་བས་ལམ་འགག་པའི་མཐའ་མཚམས་ས་མཐོར་ཁྱེད་ཚོ་ཕ་དང་བུ་མོ་མི་རབས་གཉིས་ཀྱིས་སྐད་གྲགས་མེད་པར་བགྲང་བྱ་བཅུ་ཕྲག་འགའ་ཉིན་གཅིག་ལྟར་མེས་རྒྱལ་གྱི་མངའ་ཁོངས་ས་ཆ་སྲུང་སྐྱོང་བྱས་པའི་སྙིང་སྟོབས་ནི་མི་རྣམས་ཀྱིས་གུས་བཀུར་ཞུ་འོས་པ་ཞིག་རེད། ངས་ཡུན་རིང་མཐའ་སྲུང་མཐའ་བརྟན་ཆེད་དུ་ལྷག་བསམ་ཟོལ་མེད་ངང་ལེགས་སྐྱེས་འབུལ་མཁན་ཁྱེད་གཉིས་དང་བློ་མཐུན་ཚང་མར་བླ་ན་མེད་པའི་གུས་འདུད་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སླད་ཕྱིན་ཁྱེད་ཚོས་མུ་མཐུད་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་འབྲོག་པ་མང་ཚོགས་སྔར་བས་མང་པོར་སྣེ་ཁྲིད་ཀྱིས་སྐལ་བཟང་མེ་ཏོག་བཞིན་གངས་ལྗོངས་ཀྱི་མཐའ་མཚམས་སུ་རྩ་བ་ཚུགས་ནས། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་བརྟན་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་མཁན་ཞིག་བྱ་རྒྱུའི་རེ་བ་ཡོད” ཟླ་10ཚེས་29ཉིན་གྱི་སྔ་དྲོའི་ཆུ་ཚོད་10དང་སྐར་མ་50ཡོལ་ཙམ་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་བོད་རང་སྐྱོང་ལྗོངས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་འབྲོག་མོ་སྒྲོལ་དཀར་དང་གཡང་འཛོམས་ཀྱི་ལག་ལ་འབྱོར་བ་རེད། གཏམ་བཟང་འབྱོར་མ་ཐག་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་དགའ་སྤྲོ་དཔག་མེད་དང་སེམས་འགུལ་ཚད་མེད་ཐེབས་ཤིང་།ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གྱི་དགོངས་དོན་གལ་ཆེན་ནན་ཏན་ངང་སློབ་སྦྱོང་མཐར་ཕྱིན་པ་བྱས་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་བརྟན་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་མཁན་ཞིག་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    དམངས་སྲིད་ཐིང་གི་ཏང་ཙུའི་ཁོངས་མི་ཐིང་ཀྲང་གཞོན་པ་ཉི་མ་ཚེ་རིང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་དུས་འདིར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་འབྲོག་མོ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་འཕྲིན་ལན་སྤྲིངས་ནས་ཕ་དང་བུ་མོ་མི་རབས་གཉིས་ཀྱིས་རྒྱལ་ཁབ་ཀྱི་ས་ཆ་བསྲུངས་བའི་བྱ་སྤྱོད་ལ་ཁས་ལེན་གནང་བ་དང་འབྲེལ་དུས་ཡུན་རིང་པོའི་ནང་མཐའ་བརྟན་མཐའ་སྲུང་ལས་ལ་གཞོལ་ནས་བློ་གཅིག་སེམས་གཅིག་གིས་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཞུས་ཡོད། ད་དུང“རྒྱལ་ཁབ་ཡོད་ན་གཞི་ནས་ཁྱིམ་ཚང་ཡོད་པ་དང་། རྒྱལ་མཚམས་དུས་བདེ་མེད་ན་ཁྱིམ་ཚང་ཁྲི་སྟོང་མང་པོའི་དུས་བདེ་མེད། མེས་རྒྱལ་མཐའ་མཚམས་ཁུལ་གྱི་རྩྭ་རྩི་ཤིང་ཚུན་ཆད་ང་ཚོ་ཚང་མས་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་ལྕག་སྐུལ་ཡང་གནང་ཡོད། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་རེ་བ་ནན་པོ་བཏོན་གནང་བ་ཞིག་ཡིན་ལ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་300ལྷག་ཙམ་ལ་ཐུགས་ཁུར་དང་ལྕག་སྐུལ་ཆེན་པོ་གནང་བ་ཞིག་ཀྱང་རེད། དེའི་ནང་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་བརྩེ་བ་ཟབ་མོ་བཅངས་པ་ཚུད་ཡོད་ལ་མཐའ་མཚམས་ས་ཁུལ་གྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་ལེགས་སུ་གཏོང་བ་དང་མིག་སྔའི་མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་དང་བརྟན་ལྷིང་གི་སྤྱི་ཚོགས་རྣམ་པ་ཡག་པོ་སྲ་བརྟན་དུ་བཏང་ནས་མཐའ་དར་མཐའ་བརྟན་གྱི་ལས་དོན་ལེགས་པར་སྒྲུབ་དགོས་པའི་ཀྲུང་དབྱང་གི་བླང་བྱ་གསར་པའང་ཚུད་ཡོད་ཅེས་གསུངས་པ་རེད།

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་འབྲོག་མོ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་འཕྲིན་ལན་སྤྲིངས་གནང་བ་དྲ་རྒྱ་བརྒྱུད་མཐོང་རྗེས་ང་ཚོར་སེམས་འགུལ་ཆེན་པོ་ཐེབས་བྱུང་ལ་ལྕག་སྐུལ་ཆེན་པོའང་ཐེབས་བྱུང”བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་སྐོར་ཞིབ་པ་གཞོན་པ་ཐེན་ཀོང་ཧྭ་ཡིས་སྤྱི་ཁྱབ་ཧྲུའུ་ཅིས་དུས་དང་རྣམ་པ་ཀུན་ཏུ་མི་རིགས་ཁག་གི་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བར་ཐུགས་ཁུར་ཆེན་པོ་གནང་ཞིང་། མཛད་བྲེལ་ཤིན་ཏུ་ཆེ་ནའང་ཁོམ་པ་བྱུང་མ་ཐག་སྐུ་ངོ་མས་འཕྲིན་ལན་སྤྲིངས་པ་དེ་ཐོག་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཆེན་པོ་གནང་བ་གང་ལེགས་མཚོན་གྱི་ཡོད་ཅེས་གསུངས་པ་རེད།

    “སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་འབྱོར་རྗེས་སེམས་འགུལ་ཚད་མེད་ཐེབས་བྱུང་། ཡུལ་སྨད་ཀྱི་འབྱུང་འགྱུར་སྔར་བས་ཡག་ཏུ་འགྲོ་རྒྱུ་ཡིན་པའི་ཡིད་ཆེས་ཡོད”ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་ཏང་ཀྲི་པུའི་ཧྲུའུ་ཅི་ཟླ་བས་སེམས་འགུལ་ཆེན་པོ་ཐེབས་བཞིན“སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མོལ་ང་ཚོས་བློ་ལ་བརྟན་པོར་ངེས་ཏེ་མེས་རྒྱལ་མངའ་ཁོངས་ས་ཆའི་ཐོག་གི་རྩྭ་རྩི་ཤིང་ཚུན་ཆད་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་བརྟན་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་མཁན་ཞིག་བྱ་རྒྱུ་ཡིན་པས་སྤྱི་ཁྱབ་ཧྲུའུ་ཅི་ཐུགས་བློ་བདེ་པོ་གནང་རོགས”ཞེས་བཤད་པ་རེད།  

འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།
010020070840000000000000011100001367197791