བོད་ལྗོངས།
ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་གནད་སྨིན་དབུལ་སྒྲོལ་ལས་དོན་སྐོར་གྱི་དངོས་བྲིས།

    དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་རིང་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས་འཕེལ་རྒྱས་ཀྱི་བསམ་གཞི་གསར་པ་མཐའ་འཁྱོངས་བྱས་ཏེ། མི་འབོར་དབུལ་པོའི“སེམས་ཁྲལ་མི་དགོས་པ་གསུམ”དང“གསུམ་ལྡན”གྱི་དམིགས་ཚད་བརྟན་པོའི་ངང་མངོན་འགྱུར་བྱས་ནས། ཆེད་དོན་རྣམ་གྲངས་དང་། ལས་རིགས། སྤྱི་ཚོགས། དངུལ་རྩ། བོད་སྐྱོར་བཅས“ཕྱོགས་ལྔ་གཞི་གཅིག”གི་དབུལ་སྐྱོར་གནས་བབ་ཆེན་པོ་དང་དབུལ་སྐྱོར་བྱ་ཡུལ་གྱི་གནད་འཕིགས་དབྱེ་འབྱེད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་དང་དབུལ་སྐྱོར་དབུལ་སྒྲོལ་དམིགས་ཚད་ཀྱི་དོ་དམ་འགན་འཁྲིའི་ལམ་ལུགས་ནན་དུ་བཏང་ནས“གནད་སྨིན་དྲུག”གི་ལས་དོན་བསྒྲུབས་ཐུབ་པ་བྱུང་ཡོད།“ཁག་གཅིག་རེ་ལྔ”དང་དབུལ་སྒྲོལ་དངོས་འབྲེལ་བྱེད་པ་དང་དངོས་སུ་དབུལ་སྒྲོལ་ཐུབ་པ་བརྒྱུད། དབུལ་སྒྲོལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྒྲོལ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དང་ཚོད་སྐོར་ཚོགས་ཆུང་གི་ཚོད་སྐོར་དང་ཞིབ་དཔྱད་བདེ་བླག་བྱུང་ནས། ཕྱོགས་ཡོངས་ནས་དབུལ་ཞྭ་འབུད་པའི་བོད་ཀྱི་རྫོང(ཆུས)དང་པོའི་གྲས་སུ་གྱུར་ཡོད། གནས་ཚུལ་དེ་གོ་ཐོས་བྱུང་རྗེས་བྲག་ཡིབ་ཆུས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་དགའ་སྤྲོ་རབ་ཏུ་འཁོལ་བ་དང་སེམས་འགུལ་ཆེན་པོ་ཐེབས་པ་རེད།

    ཉེ་དུས། གསར་འགོད་པས་གཏམ་བཟང་དེ་ཐོས་རྗེས། ཚོགས་ཆེན་བཅུ་དགུ་པ་གྲོལ་བ་དང་དྲིལ་བསྒྲགས་ཀྱི་ཚ་རླབས་འཕྱུར་བཞིན་པའི་སྐབས་དང་བསྟུན་ནས་བྲག་ཡིབ་ཕྱོགས་སུ་སྐྱོད་སྐབས། གྲོང་རྡལ་དང་། ཤང་། གྲོང་ཚོ། དེ་བཞིན་ཞིང་ནང་དང་མུ་ཁ་བཅས་གང་ས་ནས་མཚར་སྡུག་བཀྲ་བའི་ཡུལ་ལྗོངས་དང་། མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་འཛུམ་མདངས། ཞི་མཐུན་གྱི་འོད་ཟེར། བརྩོན་ལེན་བྱེད་པའི་རྣམ་པ་བཅས་མངོན་བཞིན་མཆིས།

    མང་ཚོགས་ཀྱིས་དགའ་སྤྲོའི་ངང་གསར་འགོད་པར“ང་ཚོ་གཞི་ནས་གཟི་བརྗིད་ལྡན་པའི་ངང་དབུལ་སྒྲོལ་ཐུབ་སོང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོགས་པ་དང་ཆབས་ཅིག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སླར་ཡང་ང་ཚོའི་སྣེ་འཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི་ཕྱོགས་སུ་སྐྱོད་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པའི་ཐོག་སྐྱོད་འགོ་ཚུགས་པ་མ་ཟད། འགོ་འཛུགས་ས་གསར་པའི་ཐོག་ཀྱང་ལངས་ཡོད། དེར་བརྟེན་ང་ཚོས་ད་དུང་ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམས་ཏེ་དེ་བས་བདེ་སྐྱིད་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུ་ཡིན”ཞེས་བཤད།

    ཆ་སྙོམས་ས་བབ་མཐོ་ཚད་སྨི་3000ཡོད་པའི་བྲག་ཡིབ་ཆུས་ཀྱི་མངའ་ཁོངས་སུ་གྲོང་རྡལ་4དང་། ཤང་3 སྲང་ལམ་དོན་གཅོད་ཁང་2 སྲིད་འཛིན་གྲོང་ཚོ་67 གྲོང་མི་སྡེ་ཁུལ་4བཅས་ཡོད། སྤྱི་ལེ་ངོས་གྲུ་10238ཟིན་པའི་ས་ཆ་དེར་དུས་ཡུན་རིང་པོ་བོད་རིགས་དང་། རྒྱ་རིགས། ཧུད་རིགས། མོན་པ་རིགས། ལྷོ་པ་རིགས་སོགས་མི་རིགས་10ལྷག་ཙམ་དང་ཏེང་པ་འཚོ་སྡོད་བྱེད་བཞིན་ཡོད། མི་འབོར་ཁྱོན་བསྡོམས་ཁྲི་6.7ཡོད་པ་ལས་ཞིང་འབྲོག་པ་ཁྲི་1.73ལྷག་ཙམ་ཟིན་གྱི་ཡོད།

    བྲག་ཡིབ་ཆུས་ཨུད་ཀྱི་ཧྲུའུ་ཅི་མིག་ཚེ་དང་ཆུས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཧྲེ་ཆིན་གྱིས་གསར་འགོད་པར་བྲག་ཡིབ་ཆུས་ཀྱི་ས་བབ་སྤྱིར་ན་མཐོ་པོ་མེད་པ་དང་། གནམ་གཤིས་ཅུང་ཡག་པ། ས་ཁོངས་ཀྱི་ལེགས་ཆ་ཡག་པ་སོགས་ཡོད་ནའང་། ལམ་ཐག་རིང་ལ་རི་མཐོ་གཡང་གཟར་དང་། གྲོང་མི་ཁ་ཐོར་དུ་གནས་པ། ལག་རྩལ་ཁ་ཐང་བ། ཕྱུག་འགྱུར་འཇོན་ཐང་ཞན་པས་མང་ཚོགས་དབུལ་པོའི་བསམ་བློ་དང་ལྟ་བ་རྗེས་ལུས་ཡིན་པ་དང་དབུལ་སྒྲོལ་འདུ་ཤེས་ཟབ་མོ་མེད། 2016ལོའི་ལོ་སྟོད་དུ་བྲག་ཡིབ་ཆུས་སུ་གཱ་དང་ཡིག་ཚགས་བཟོས་པའི་དུད་ཚང་556གི་མི་1546ཡོད་པ་དང་དེས་ཞིང་འབྲོག་པའི་མི་འབོར་གྱི་10%ཙམ་བཟུང་གི་ཡོད། དེས་ན་དབུལ་སྒྲོལ་ལས་འགན་ལྕི་བ་དང་དབུལ་སྒྲོལ་འགག་སྒྲོལ་དཀའ་ཚེགས་ཆེན་པོ་ཡིན་པ་མཚོན་ཐུབ་ཅེས་བརྗོད།

    “ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དགོས་ན་མི་གཅིག་ཀྱང་ལུས་མི་རུང་། ཐུན་མོང་ཐོག་འབྱོར་འབྲིང་ལམ་དུ་སྐྱོད་སྐབས་རུ་ཁག་གཅིག་ཀྱང་ལུས་མི་རུང་། འབྱོར་འབྲིང་ཕྱོགས་སུ་སྐྱོད་ཐུབ་མིན་གྱི་འགག་རྩ་མང་ཚོགས་ལ་རག་ལུས་ཡོད། སྲིད་ཇུས་ཡག་པོ་ཡིན་མིན་མང་ཚོགས་ཀྱི་ངོ་གདོང་ནས་ཤེས་ཐུབ”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་ཐེངས་མང་གནང་ཡོད།

    གནད་སྨིན་དབུལ་སྐྱོར་ལས་དོན་སྤེལ་རིང་བྲག་ཡིབ་ཆུས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིས་བཏོན་གནང་བའི་མཛུབ་ཁྲིད་ཀྱི་དགོངས་པ་གལ་ཆེན་རབ་དང་རིམ་པར་གོ་བ་ཡང་དག་བླངས་པ་དང་། དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ། ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་དབུལ་སྒྲོལ་ལས་དོན་གྱི་བསམ་ཕྱོགས་དང་དབུལ་ཞྭ་འབུད་པའི་འཆར་གཞི་དོན་འཁྱོལ་ནན་ཏན་བྱས་པ། དབུལ་སྒྲོལ་འགག་སྒྲོལ་དམངས་འཚོ་ལེགས་གཏོང་གི“ལས་གྲྭ་ཨང་དང་པོར”བརྩིས་པ། དོན་དངོས་ལ་གཞི་ཚུགས་པ་དང“སུ་ལ་རོགས་སྐྱོར་བྱེད་པ”དང་། “སུས་རོགས་སྐྱོར་བྱེད”“རོགས་སྐྱོར་ཇི་ལྟར་བྱེད་པ”“དབུལ་པོ་ཉུང་དུ་ཇི་ལྟར་གཏོང་བ”སོགས་ཀྱི་གནད་དོན་གལ་ཆེན་ཐག་གཅོད་ལ་དམིགས་ཏེ་འགན་འཁྲི་དོན་འཁྱོལ་ཐུབ་ཚད་ལ་ཤུགས་སྣོན་བརྒྱབ་པ་དང་། དབུལ་སྒྲོལ་བྱེད་ཐབས་གནད་ལ་འཁེལ་ཚད་ཟབ་ཏུ་བཏང་བ། མཉམ་དུ་འགག་སྒྲོལ་བྱེད་ཚད་ཆེ་རུ་བཏང་སྟེ“འབྱུང་འགྱུར་གསར་པ་དོན་དུ་གཉེར་བའི”སྙིང་སྟོབས་ཀྱིས་རྫོང་ཡོངས་ཀྱི་སྟོབས་ཤུགས་བཏོན་ཏེ“དབུལ་སྐྱོར་ཆེ་མོའི”ལེའུ་ཡག་པོ་ཞིག་བརྩམས་ཡོད། 2016ལོའི་ལོ་མཇུག་བར་ཆུས་ཡོངས་སུ་གཱ་དང་ཡིག་ཚགས་བཟོས་པའི་དུད་ཚང་550ཡི་མི་1514ཡི་དབུལ་སྒྲོལ་ལས་འགན་ལེགས་གྲུབ་བྱུང་བ་དང་མི་འབོར་དབུལ་པོས་ལོ་འཁོར་ནང་གཱ་དང་ཡིག་ཚགས་བཟོས་པའི་མི་འབོར་གྱི་98%བཟུང་བ་དང་། གྲོང་ཚོ་དབུལ་པོ་67ཉུང་དུ་སོང་བ། དབུལ་པོ་ཐོན་ཚད་8.89%ནས་0.18%བར་ཆག་པ། དབུས་ནུབ་ས་ཁུལ་གྱི་དབུལ་པོ་ཐོན་ཚད་3%མན་དུ་ཚོད་འཛིན་བྱེད་པའི་རྒྱལ་ཁབ་ཀྱི་ཚད་གཞི་ལོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྒྲོལ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དང་ཚོད་སྐོར་ཚོགས་ཆུང་གི་ཚོད་སྐོར་ཞིབ་དཔྱད་བདེ་བླག་བྱུང་བ་རེད།

    བྲག་ཡིབ་ཆུས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དོན་ཆེན་ནང་གི་འགངས་ཆེར་བརྩིས་ནས་གོང་འོག་ཚང་མར“ཏང་ཨུད་ཀྱིས་འགོ་ཁྲིད་དང་། སྲིད་གཞུང་གིས་གཙོ་ཁྲིད། སྡེ་ཚན་དབར་མཐུན་སྦྱོར། མང་ཚོགས་ཞུགས་པ། སྤྱི་ཚོགས་ཀྱིས་རྒྱབ་སྐྱོར”བཅས་ཀྱི་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་ལས་ཀའི་རྣམ་པ་ཞིག་ཆགས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་རྨང་གཞི་བརྟན་དུ་བཏང་བ་རེད།

    དབུལ་སྒྲོལ་གྱི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བར་ཤུགས་སྣོན་རྒྱག་ཆེད། བྲག་ཡིབ་ཆུས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུས་ཤང་གྲོང་རྡལ་ཁག་དང་སྡེ་ཚན་ཁག་དབར་དབུལ་སྒྲོལ་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་པ་དང་ཤང་གྲོང་རྡལ་ཁག་གིས་སྲིད་འཛིན་གྲོང་ཚོ་ཁག་དབར་དབུལ་སྒྲོལ་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་དེ་རིམ་པ་བཞིན་གནོན་ཤུགས་སྤྲད་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་འགན་འཁྲི་ནན་དུ་བཏང་བ་རེད། དུས་མཚུངས“ལས་བྱེད་པ་སྟོང་གིས་མི་སྟོང་ལ་རོགས་སྐྱོར་བྱེད་པའི”བྱེད་སྒོ་ཧུར་ཐག་སྤེལ་ནས་སྦྲེལ་མཐུད་མཛུབ་ཁྲིད་ཀྱི་རོགས་སྐྱོར་བྱས་ཏེ་དུད་ཚང་དབུལ་པོར་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་རོགས་བྱས་ཤིང་། ཆུས་ཡོངས་ཀྱི་རྫོང་རིམ་པའི་ལས་བྱེད་པ་30ཡིས་དུད་ཚང་དབུལ་པོ་49ཡི་མི་183ལ་རོགས་སྐྱོར་བྱས་པ་དང་ཤང་དང་ཁོའོ་རིམ་པའི་ལས་བྱེད་པ་439ཡིས་དུད་ཚང་དབུལ་པོ་245ཡི་མི་876ལ་རོགས་སྐྱོར་བྱས་པ་དེ་དག་ཚན་པ་113དང་འབྲེལ་བ་ཡོད་པས“ཆ་སྒྲིག་གཉེན་འཚོལ”ཚང་མར་ཁྱབ་ཡོད་པ་རེད།

    བྲག་ཡིབ་ཆུས་ཀྱིས་རྒྱལ་ཁབ་ཀྱི་དབུལ་སྐྱོར་མ་དངུལ་གང་ལེགས་སྤྱད་དེ་རིམ་པ་དེ་གའི་ནོར་སྲིད་དང་། བོད་སྐྱོར་མ་དངུལ། དངུལ་རྩའི་མ་དངུལ་བཅས་ཕྱོགས་ཡོངས་ནས་སྤྱི་འདོམས་བྱས་ཏེ་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་2.5ལྷག་ཙམ་དོན་འཁྱོལ་བྱས་ཡོད། དུས་མཚུངས་མ་དངུལ་སྒོར་ཁྲི་3707བསྡུ་སྒྲིལ་བྱས་ནས་དབུལ་སྐྱོར་ཉེན་ཁའི་ཁ་གསབ་དང་དེ་བཞིན་ཁག་ཐེག་ཐེབས་རྩ་བཙུགས་ནས་དངུལ་རྩའི་ཡིད་རྟོན་དངུལ་བུན་ལས་སྟེགས་ཧུར་ཐག་བསྐྲུན་ཡོད། གཞན་ཡང་དུད་ཚང་དབུལ་པོར་དབུལ་སྐྱོར་གྱི་དངུལ་བུན་གཡར་བའི་གཱ་བཟོ་ཆེད། རིམ་རྩིས་བྱས་ན་དུད་ཚང་དབུལ་པོ་109ལ་འབོར་ཉུང་ཡིད་རྟོན་དངུལ་བུན་སྒོར་ཁྲི་1065བཏང་བ་རེད།

    བྲག་ཡིབ་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་ལྟ་སྐུལ་མཛུབ་ཁྲིད་དཔྱད་ཞིབ་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་སྔ་རྗེས་སུ་ཆུས་ཡོངས་ཀྱི་མི་འབོར་དབུལ་པོར་གནད་སྨིན་དབྱེ་འབྱེད་དང་། གཱ་དང་ཡིག་ཚགས་བཟོ་བ། སྟབས་བསྟུན་དོ་དམ། རྣམ་གྲངས་སྐུལ་འདེད། མ་དངུལ་བཀོལ་སྤྱོད་སོགས་ཀྱི་ཐད་ཆེད་དོན་ཞིབ་བཤེར་དང་དག་ཐེར་བཅོས་སྒྲིག་ཐེངས་20ལྷག་ཙམ་བྱས་པ་རེད། དབུལ་སྐྱོར་རྣམ་གྲངས་མ་དངུལ་གྱི་ཞིབ་གཏན་ལམ་ལུགས་ལག་ལེན་ནན་པོ་བསྟར་ཏེ་ནོར་སྲིད་དབུལ་སྐྱོར་མ་དངུལ་བདེ་འཇགས་དང་རྣམ་གྲངས་འཛུགས་སྐྲུན་སྤུས་ཚད་འགན་ལེན་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཞིབ་མཆན་འགྲོ་ལུགས་དང་མ་དངུལ་གཏོང་སྤྲོད་བརྒྱུད་རིམ་སྟབས་བདེ་རུ་བཏང་བས་ནོར་སྲིད་དབུལ་སྐྱོར་མ་དངུལ་བེད་མེད་དུ་འཇོག་པ་དང་། ཧམ་བཟུང་། སྒེར་སྤྱོད་བཅས་བྱས་པའི་གནད་དོན་གཅིག་ཀྱང་ཐོན་མེད་པ་རེད།

    བྲག་ཡིབ་ཆུས་ཀྱིས་དབུལ་སྐྱོར་བྱ་ཡུལ་དབྱེ་བ་གསལ་པོ་འབྱེད་རྒྱུ་མཐའ་འཁྱོངས་ཀྱིས་གྲོང་ཚོ་དང་། དུད་ཚང་། མི་བཅས་ལ་གཞིགས་ནས་སྲིད་ཇུས་ལག་བསྟར་བྱས་པའི་ཐོག་དབུལ་པོ་ངོ་མ་དབུལ་སྒྲོལ་དང་དངོས་དངོས་དབུལ་སྒྲོལ་ཐུབ་ནས་གནད་སྨིན་དབུལ་སྐྱོར་གྱི་ལས་དོན་བདེ་བླག་ངང་སྤེལ་རྒྱུར་འགན་ལེན་བྱས་པ་རེད།

    གནད་སྨིན་དབུལ་སྐྱོར་གྱི་ལས་དོན་སྤེལ་རིང་། བྲག་ཡིབ་ཆུས་ཀྱིས་ཞིང་འབྲོག་པའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་2855ཚད་གཞིར་བཟུང་ནས་སྡོད་ཁང་དང་། ཐོན་སྐྱེད་རྒྱུ་ཆ། ངལ་ནུས། ནད་གཞི། གེགས་བར། སློབ་མ་བཅས་ཡོད་མེད་ལ་ལྟ་བའི་གནད་སྨིན་དབྱེ་འབྱེད་བྱེད་ཐབས་སྤྱད་དེ་དུད་ཚང་དབུལ་པོར་ཚུད་པའི་འགག་སྒོ་དང་ཞིབ་གཏན་འགག་སྒོ་ནན་པོ་བསྲུངས་ཐོག“གྲོང་མིས་བསྐྱལ་བའི་རེ་ཞུ་དང་། གྲོང་ཚོ‘ཨུ་ལྷན’གཉིས་ཀྱི་གྲོས་ཞིབ། གྲོང་མིའི་འཐུས་ཚོགས་ཀྱི་བརྡས་ཐག་གཅོད་པ། མང་ཚོགས་ཀྱི་དཔྱད་མོལ། ཤང་སྲིད་གཞུང་དང་དབུལ་སྐྱོར་གཞུང་དོན་ཁང་གི་ཞིབ་དཔྱད་ཡོངས་བསྒྲགས”བཅས་ལ་ནན་པོར་གཞིགས་པའི་གོ་རིམ་གཞིར་བཟུང་། བསྐྱར་དུ་དབྱེ་འབྱེད་བྱས་པ་དང་འབྲེལ་ཐེར་འདོན་ཁ་པར་ཡོངས་བསྒྲགས་བྱས་ནས་མང་ཚོགས་ཀྱི་ལྟ་སྐུལ་དང་ཐེར་འདོན་དང་ལེན་བྱས་པ་རེད།

    “2016ལོའི་ལོ་སྟོད་དུ། གནད་སྨིན་དབྱེ་འབྱེད་བྱས་པ་བརྒྱུད། བྲག་ཡིབ་ཆུས་སུ་གཱ་དང་ཡིག་ཚགས་བཟོས་པའི་དུད་ཚང་དབུལ་པོ་556གི་མི་1546ཡོད་པས་དུད་ཚང་དབུལ་པོར་གཱ་ཡོད་པ་དང་། གྲོང་ཚོར་ཡིག་ཚགས་ཡོད་པ། ཤང་གྲོང་རྡལ་དུ་ཟིན་ཐོ་ཡོད་པ། རྫོང(ཆུས)དུ་གློག་རྡུལ་ཡིག་ཚགས་ཡོད་པ་བཅས་བྱས་ཡོད”ཅེས་མིག་ཚེས་དེ་ལྟར་བཤད།

    གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་ལས་དོན་སྤེལ་རིང་། བྲག་ཡིབ་ཆུས་ཀྱིས་མཛུབ་ཁྲིད་རང་བཞིན་དང་དམིགས་སའི་རང་བཞིན་མངོན་གསལ་དོད་དུ་བཏང་སྟེ་དབུལ་སྒྲོལ་འཆར་གཞི་འཐུས་སྒོ་ཚང་དུ་བཏང་བ་དང“ལོ་ལྔ་ཚན་བཅུ་གསུམ་པའི”ཐོན་ལས་གནད་སྨིན་དབུལ་སྐྱོར་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར། དབུལ་སྒྲོལ་འགག་སྒྲོལ་བཅས་དབུལ་སྐྱོར་གྱི་གཙོ་གནད་འཆར་འགོད་4བཟོས་ཐོག་སྨན་བཅོས་འགན་བཅོལ་དང་། སློབ་གསོ་འགན་སྲུང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་སོགས་དབུལ་སྐྱོར་གྱི་ཆེད་དོན་ཇུས་གཞི་10བཟོས་པ་རེད། རྨང་གཞིའི་དེའི་ཐོག་ད་དུང་སློབ་ཆེན་ཐོན་པའི་གྲོང་དཔོན་དང་གྲོང་སྡོད་ལས་དོན་རུ་ཁག་བརྒྱུད། འཚམས་འདྲི་ཆེན་པོ་དང་བརྟག་ཞིབ་ཆེན་པོའི་བྱེད་སྒོ་སྤེལ་ནས་མང་ཚོགས་དབུལ་པོའི་རེ་བ་ནན་ཏན་ངང་ཉན་པ་དང“དུད་ཚང་གཅིག་ལ་སྲིད་ཇུས་གཅིག”གི་བླང་བྱ་གཞིར་བཟུང་། ཐོན་ལས་རྣམ་གྲངས་ཀྱི་བཀོད་པ་ཇུས་འགོད་བྱས་ནས་གནད་སྨིན་དབུལ་སྐྱོར་ལ་སྐུལ་འདེད་བཏང་བ་རེད།

    “བྲག་ཡིབ་ཆུས་ཀྱིས་གཱ་དང་ཡིག་ཚགས་བཟོས་པ་གཞི་འཛིན་སར་བྱས་ཏེ་དབུལ་སྐྱོར་འཆར་འགོད་མཛུབ་ཁྲིད་དུ་བྱས་ནས་དབུལ་སྐྱོར་རྣམ་གྲངས་ཀྱི་མ་དངུལ་གྲོང་ཚོ་དབུལ་པོ་དང་། དུད་ཚང་དབུལ་པོ། མི་འབོར་དབུལ་པོ་བཅས་ཚང་མར་ཁྱབ་ཡོད་པ་རེད། བྲག་ཡིབ་ཆུས་ཨུད་དང་ཆུས་སྲིད་གཞུང་གི་དབུལ་སྐྱོར་ཐོན་ཁུངས་རེ་རེ་གནད་སྨིན་བཀོད་སྒྲིག་བྱས་པས་དུས་ཐུང་ནང་ང་ཚོ་དབུལ་པོ་ལས་བསྒྲལ་ནས་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་ཐུབ་པ་བྱུང་ལ་ཚང་མ་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པའི་རེ་བ་ཡང་མཐོང་བྱུང”དབུལ་ཞྭ་ཕུད་པའི་སྤེ་པ་གྲོང་རྡལ་འུག་པ་གྲོང་ཚོའི་བསོད་ནམས་དབྱངས་ཅན་གྱི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བཞིན་སེམས་འགུལ་ཐེབས་པའི་སྒོ་ནས“གུང་ཁྲན་ཏང་གིས་མ་གཏོགས་ང་ཚོ་མི་སེར་ལ་བདེ་སྐྱིད་བརྩོན་ལེན་བྱེད་མི་ཐུབ། མེས་རྒྱལ་ཁྱིམ་ཚང་ཆེ་མོར་གཞི་ནས་བདེ་སྐྱིད་ཀྱི་དེང་གི་འཚོ་བ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་སྲིད། གུང་ཁྲན་ཏང་གི་བཀའ་དྲིན་རི་བོ་ལས་མཐོ་བ་དང་མཚོ་མོ་ལས་ཟབ་པ་ཡོད”ཅེས་བཤད།

    2016ལོའི་ལོ་འཁོར་དུ་དབུལ་པོ་ལས་བསྒྲལ་བའི་མང་ཚོགས་ལ་དམིགས་ཏེ། འདི་ལོ་བྲག་ཡིབ་ཆུས་ཀྱིས་མུ་མཐུད་རྗེས་སྙེག་དོ་དམ་བྱས་ཏེ་འགུལ་རྣམ་གྲངས་གཞི་ཕྱོགས་ཡོངས་ནས་བསྡུ་རུབ་དང་། དབུལ་སྒྲོལ་གྱི་གནས་ཚུལ་ལ་དབྱེ་ཞིབ་གཏིང་ཟབ། སྟབས་བསྟུན་རོགས་སྐྱོར་བྱེད་ཐབས་སྤྱད་ནས་དབུལ་པོ་བསྐྱར་ལོག་མི་ཡོང་བ་བྱས་ཡོད།

    གཱ་དང་ཡིག་ཚགས་བཟོས་པའི་དུད་ཚང་དབུལ་པོའི་དབུལ་སྒྲོལ་ལས་དོན་ལ་དམ་འཛིན་བྱས་པ་དང་དུས་མཚུངས་བྲག་ཡིབ་ཆུས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དང་། ཐོན་ལས་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་ལྟེ་བའི་ལས་དོན་ལ་ཁྱབ་པར་བྱས་ནས་ཞིང་འབྲོག་མང་ཚོགས་རྣམས་ལ་འབབ་འཕར་རྒྱུན་མཐུད་ངང་ཡོང་བར་བྱས་ཡོད།     

    སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བར་ཤུགས་སྣོན་བརྒྱབ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འཇུར་མིག་མེད་པར་བཟོས་ཡོད། ཚོང་འདུས་གྲོང་སྡེའི་ཆུ་མཁོ་འདོན་དང་ཆུ་འབུད་དང་། ཞིང་འབྲོག་ཁུལ་གྱི་བདེ་འཇགས་འཐུང་ཆུ། ཞིང་ཆུ་འདྲེན་པའི་མ་ལག་སོགས་ཆུ་བེད་ལས་གྲྭའི་འཛུགས་སྐྲུན་བརྟན་དུ་དང་ལག་ལེན་བསྟར་བ་དང་། ཐག་རིང་ལུང་ཁུག་ས་ཁུལ་གྱི་འགྲིམ་འགྲུལ་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་ཏུ་གཞུང་ལམ་བཏིང་ཚད་100%ཟིན་པ་དང་རླངས་འཁོར་ཤར་གཏོང་ཐུབ་ཚད་92.5%ཟིན་པ། འཕྲེད་ལུང་རྙིང་པའི་སྡོད་ཁང་སྐྱོ་ཁུལ་དང་། པད་མ་སྒང་གི་སྡོད་ཁང་སྐྱོ་ཁུལ། ཉིང་ཁྲི་གྲོང་རྡལ་གྱི་སྡོད་ཁང་སྐྱོ་ཁུལ་བཅས་ཀྱི་སྒྱུར་བཀོད་ལས་གྲྭ་གཙོ་གནད་ལེགས་སྒྲུབ་བྱས་པ་རེད།

    དུམ་པ་ཚལ་གྲོང་ཚོ་ཀླུ་ནང་གྲོང་རྡལ་དུ་ཆགས་ཤིང་། དེ་སྔ་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་ཆུང་བས་འཚོ་བ་དབུལ་པོ་ཡོད། ད་ཆ་ཀླུ་ནང་གྲོང་རྡལ་འཛུགས་སྐྲུན་བྱས་ཟིན་པ་དང་སྦྲགས་སྲིད་གཞུང་གི་རོགས་རམ་འོག་ཁྱིམ་ཚང་ཚང་མས་སྡོད་ཁང་གསར་པ་བརྒྱབ་སྟེ་ཁྱིམ་ཚང་མགྲོན་ཁང་གཉེར་བ་དང་གནད་སྨིན་དབུལ་སྐྱོར་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད་བྲག་ཡིབ་ཆུས་སྲིད་གཞུང་གིས་གྲོང་ཚོའི་ཁར་ཡུལ་སྐོར་ཚོང་ཁང་སྟར་པ་གཅིག་བརྒྱབ་ནས་དུད་ཚང་དབུལ་པོར་འབབ་འཕར་ཐབས་ལམ་གསར་པ་ཞིག་གསར་འབྱེད་བྱས་པ་རེད།

    བྲག་ཡིབ་ཆུས་ཀྱིས་གྲོང་ཁྱེར་ཡོངས་ཀྱིས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་རིམ་སྤོར་རྣམ་པ་དང་ཁྱད་ལྡན་ལེགས་ལྡན་ཐོན་ལས་རིམ་སྤོར་རྣམ་པ་གཏོད་པའི་བཀོད་སྒྲིག་ལ་གཞིགས་ཏེ“4+2”ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་ཟུང་འབྲེལ་བྱས་ནས་ནུས་ཤུགས་ཡོད་རྒུས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད། “རྒྱུད་གཅིག་དང་། གླིང་གཅིག རྟེན་གཞི་དྲུག”གི་ཐོན་ལས་འཕེལ་རྒྱས་ཀྱི་བསམ་བཀོད་གསལ་པོ་བཟོས་ཏེ་འབྲས་ཤིང་འཛུགས་པ་དང་། སྔོ་ཚལ་འདེབས་པ། སྤྲོ་གསེང་ཞིང་ལས། སྡོང་ཕྲུག་འཛུགས་པ་བཅས་ཀྱི“མུའུ་ཆིག་ཁྲི་བཞིའི”ཞིང་འབྲོག་ཐོན་ལས་འཕེལ་རྒྱས་དམིགས་ཚད་ལ་དམིགས་ནས་སྤྱིའི་མ་འཇོག་སྒོར་དུང་ཕྱུར་7.56ཙམ་ཟིན་པའི་གཙོ་གནད་དབུལ་སྐྱོར་ཐོན་ལས་རྣམ་གྲངས་38ལག་ལེན་བསྟར་བ་དང་། སྲིད་ཇུས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ་སྒོར་ཁྲི་1000གི་ཐོན་ལས་ཁྲིད་སྟོན་མ་དངུལ་སྤྱི་འདོམས་བཀོད་སྒྲིག་བྱས་ནས་སྤྱི་ཚོགས་མ་དངུལ་ཁྱད་ལྡན་ཞིང་འབྲོག་ལས་དང་སྣོད་བཅུད་ཡུལ་སྐོར་ལས་རིགས་སོགས་ཐོན་ལས་འཛུགས་སྐྱོང་ལ་གཏོང་བར་ཁྲིད་སྟོན་བྱས་ཏེ་ཐོན་ལས་འཕེལ་རྒྱས་ལ་སྤྱི་ཚོགས་མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་རེད།

    བྲག་ཡིབ་ཆུས་ཀྱིས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་འགོ་འཛུགས་ས་དང་དོན་ལ་འབབ་སར་མཐའ་འཁྱོངས་བྱས་ཐོག་ཕྱོགས་ཡོངས་ནས་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་སྟེ་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་ཏན་ཏིག་བཏང་བ་རེད། ལྗོངས་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་ཞུགས་བྱེད་ཚད་དང་བརྟན་དུ་གཏོང་ཚད་གཉིས་ཀ་100%ཟིན་ཏེ་བྱང་ཚད་སློབ་གསོའི་རྒྱལ་ཁབ་ཀྱི་རྩིས་ལེན་ལམ་ལྷོངས་བྱུང་བ་དང་། ཞིང་འབྲོག་པར་ཆུས་དང་ཤང་རིམ་པ་གཉིས་ཀྱི་སྨན་བཅོས་སྒྲིག་གཞིར་སྨན་བཅོས་བྱས་པའི་འགྲོ་གྲོན་ཚང་མ་རྩ་ཆག་གཏོང་བའི་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་བ་དང་ནད་ཆེན་སྤྱི་འདོམས་འགྲོ་གྲོན་རྩིས་ཞུའི་ལམ་ལུགས་ལག་ལེན་ནན་པོ་བསྟར་བར་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པར་ཞུགས་ཚད་100%ཟིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱི་ལས་ཞུགས་ལམ་ལུགས་དང་ཞབས་ཞུའི་ལས་སྟེགས་རིམ་བཞིན་བཙུགས་པ་དང་མ་དངུལ་སྒོར་ཁྲི་150བཏང་ནས་ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་དང་ལས་གཏོད་རོགས་སྐྱོར་མ་དངུལ་བཀོད་སྒྲིག་བྱས་པར་ཞིང་འབྲོག་པའི་ངལ་རྩོལ་ནུས་ཤུགས་མི་ཐེངས་4200ལས་ཞུགས་གཞན་སྒྱུར་ཐུབ་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཀ་ཤོར་ཚད་2.5%ནང་ཚུན་དུ་ཚོད་འཛིན་ཐུབ་པ། “ལས་ཞུགས་མེད་པའི”ཁྱིམ་ཚང་ཚང་མ་སྒུལ་རྣམ་ངང་ལས་ཞུགས་ཐུབ་ཡོད། འཚོ་སྡོད་ཐད་ཀྱི་ཁང་པ་དང་སྨན་བཅོས་བདེ་སྲུང་ཐད་ཀྱི་ཁང་པ་སོགས་གཞི་གཅིག་ཅན་གྱི་ཞབས་ཞུ་ཁྱབ་པའི་སྤྱི་ཚོགས་ཕན་བདེ་ཁང་སྤྱོད་འགོ་ཚུགས་པ་དང་གཅེས་སེམས་སྒོ་རྩིས་ཚོང་ཁང་བཙུགས་ནས་དུས་བཀག་ལྟར་མ་མཐའི་འཚོ་བའི་འགན་ལེན་དང་ཡོང་འབབ་དམའ་བའི་མང་ཚོགས་ལ་འབྲུ་རིགས་དང་། སྣུམ། གྱོན་ཆས་སོགས་གཞི་རྩའི་འཚོ་བའི་མཁོ་ཆས་སྤྲོད་པ་དང་འབྲེལ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་མི་རེར་ལོ་རེར་འཚོ་བའི་ཁ་གསབ་དངུལ་སྒོར་1000མཐོ་རུ་བཏང་བར་བྱིས་པར་སྐྱོང་མཁན་ཡོད་པ་དང་། སྦྱོང་དུས་སློབ་མཁན་ཡོད་པ། ལས་ཀར་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། སྐྱོ་པོ་སྐྱོར་མཁན་ཡོད་པ་བཅས་མངོན་འགྱུར་ཐུབ་ཡོད།

    མིག་ཚེ་དང་ཡན་ཧྲི་ཤིན་གྱིས“ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོགས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོའི་སྣེ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་བསྐྱོད་ནས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་གསར་པར་སྐྱོད་འགོ་ཚུགས་ཡོད། བྲག་ཡིབ་ཆུས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་དུས་ནམ་ཡང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་འབད་འཐབ་དམིགས་ཚད་དུ་བྱེད་པ་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཡག་པོ་བྱེད་པ། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱས་ཐོག ‘ཐོན་ལས་དར་རྒྱས་དང་། སྣོད་བཅུད་བཟང་བ། ཡུལ་སྲོལ་བཟང་བ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག’བཅས་ཀྱི་སྤྱིའི་བླང་བྱར་གཞིགས་ཏེ་རྒྱུན་འཁྱོངས་ལྷོད་མེད་ཀྱི་སྙིང་སྟོབས་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་ཉམས་འགྱུར་དང་དེ་བས་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ལ་བརྟེན་ནས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་རྒྱུ་ཡིན་པས་འབྱུང་འགྱུར་གྱི་བྲག་ཡིབ་སྔར་བས་མཛེས་སྡུག་ལྡན་པ་ཡོང་ངེས་རེད”ཅེས་བཤད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།
010020070840000000000000011100001367309551