བོད་ལྗོངས།
བོད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།

    ད་ཕན་ལོ་ཤས་རིང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་འོག་ལྗོངས་ཡོངས་ཀྱི་སློབ་གསོ་ཁོངས་གཏོགས་ཀྱིས་བརྟན་ཐོག་ཡར་བརྩོན་མཐའ་འཁྱོངས་དང་། མ་ལག་འཆར་འགོད་ལ་ཤུགས་སྣོན། གཙོ་གནད་ཁྱབ་ཁོངས་འབུར་ཐོན་བཅས་བྱས་པས་རང་ལྗོངས་ཀྱི་སློབ་གསོ་དོ་དམ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་ཐེབས་ནས་རང་ལྗོངས་ཀྱི་སློབ་གསོ་དེ་སྤུས་ཚད་མཐོ་བ་དང་། གྲུབ་ཆ་ལེགས་པ། འདྲ་མཉམ་ལ་སྐུལ་སྤེལ་བཅས་དང་སློབ་གསོར་བརྟེན་ནས་ལྗོངས་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་དུས་མཚམས་གསར་པར་སླེབས་ཡོད་པ་རེད།

    སློབ་གསོར་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ།

    ལོ་མང་རིང་། ཏང་དང་རྒྱལ་ཁབ་ཀྱིས་བོད་ཀྱི་སློབ་གསོའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་སློབ་གསོའི་འགྲོ་གྲོན་ལོ་རེ་བཞིན་མང་དུ་གཏོང་གི་ཡོད། 2016ལོར་སློབ་གསོར་མ་དངུལ་སྒོར་དུང་ཕྱུར་185བཏང་བའི་ནང་སློབ་གསོའི་གཞི་རྩའི་འཛུགས་སྐྲུན་ལ་སྒོར་དུང་ཕྱུར་24.89བཏང་ཡོད། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སློབ་ཁྲིད་ཡོ་ཆས་སྒྲིག་བཀོད་གསར་བརྗེས་སོགས་ལ་རོགས་སྐྱོར་ཤུགས་ཆེན་ཐོབ་པས་སློབ་གཉེར་གྱི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་པ་རེད།

    གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྐད་གཉིས་སློབ་གསོའི་བུ་བཅོལ་ཁང་འཛུགས་སྐྲུན་ལས་གྲྭ་ལག་བསྟར་བྱས་ཏེ་སྒོར་དུང་ཕྱུར་10.9བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྐད་གཉིས་བུ་བཅོལ་ཁང་458གསར་སྐྲུན་དང་རྒྱས་སྐྲུན་བྱས་པ་རེད།

    འོས་འགན་སློབ་གསོའི་སློབ་གྲྭ་ཁུ་བསྡུ་དང་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལས་གྲྭ་ལག་བསྟར་བྱས་ཏེ་སྒོར་དུང་ཕྱུར་8.5བཏང་ནས་སློབ་གྲྭ་164གསར་སྐྲུན་དང་རྒྱས་སྐྲུན་བྱས་པ་རེད། མཐོ་རིམ་སློབ་འབྲིང་དཀྱུས་མ་འཕེལ་རྒྱས་ལས་གྲྭ་ལག་བསྟར་བྱས་ཏེ་མ་དངུལ་སྒོར་དུང་ཕྱུར་1.6བཏང་ནས་མཐོ་རིམ་སློབ་འབྲིང་དཀྱུས་མ་2གསར་དུ་བསྐྲུན་པ་དང་སློབ་གྲྭ་7གྱི་ལེ་ལག་འཐུས་སྒོ་ཚང་དུ་བཏང་བ་རེད།

    སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བའི་འཆར་འགོད་དང་དེང་རབས་ལས་རིགས་སློབ་གསོའི་འཛུགས་སྐྲུན་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱས་ཏེ་འབྲིང་རིམ་ལས་རིགས་སློབ་གྲྭའི་རྨང་གཞིའི་ནུས་པ་དང་སྦྱོང་བརྡར་རྟེན་གཞིའི་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་ལྷོ་ཁའི་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པ་བསྐྲུན་པ་དང་འབྲེལ་སློབ་མ་བསྡུས་པ་དང་གཞིས་རྩེའི་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་དུས་ཁག་དང་པོའི་ལས་གྲྭ་ལས་མཇུག་སྒྲིལ་གྲབས་ཡོད་པ་རེད། ལས་རིགས་སློབ་གསོའི་དཔེ་སྟོན་སློབ་གྲྭ་དང་ཁྱད་ལྡན་སློབ་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་ཐེབས་ནས་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ན་འདྲེས་སློབ་གྲྭར་ཞུགས་ཚད་75.9%ཟིན་གྱི་ཡོད།

    《སྒྱུར་བཅོས་ཟབ་ཏུ་བཏང་ནས་མཐོ་རིམ་སློབ་གསོའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཏོན་པ་དང་འབྲེལ་མ་དངུལ་སྒོར་དུང་ཕྱུར་2བཏང་སྟེ་བོད་ལྗོངས་སློབ་ཆེན་སོགས་མཐོ་སློབ་ཀྱི་ཕྱོགས་བསྡུས་ནུས་པ་འཛུགས་སྐྲུན་ཐད་སྤྱད་པ་དང་། བོད་ལྗོངས་མི་རིགས་སློབ་ཆེན་གྱི་སློབ་ཁུལ་གསར་པའི་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ། བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་དང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གཉིས་ཞིང་ཆེན་དང་པུའུ་ཡི་མཉམ་སྐྲུན་ལ་བཅུག་ནས་མཐོ་རིམ་སློབ་གསོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།

    གཟིགས་སྐྱོང་སྲིད་ཇུས་ལས་འགོ་འཛུགས་སའི་ཚད་གཞི་དེ་བས་མཐོ་རུ་ཕྱིན་པ།

    ལོ་མང་རིང་། རང་ལྗོངས་ཀྱིས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བ་འཐབ་ཇུས་ཀྱི་གནས་བབ་གལ་ཆེན་ཐོག་བཞག་པ་དང་1985ལོར་རང་ལྗོངས་ཀྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་ཞིང་འབྲོག་པའི་བུ་ཕྲུག་ལ“འགན་ལེན་གསུམ”གྱི་སྲིད་ཇུས་ལག་བསྟར་བྱས་པ་དང་། ལོ་30ལྷག་ཙམ་རིང་། རང་ལྗོངས་ཀྱིས་སྔ་རྗེས་སུ་ཁ་གསབ་ཚད་གཞི་ཐེངས་བཅུ་ལྷག་ཙམ་ལེགས་སྒྲིག་བྱས་པ་དང་འབྲེལ་2011ལོར“འགན་ལེན་གསུམ”གྱི་སྲིད་ཇུས་ཁྱབ་ཁོངས་སློབ་ཞུགས་གོང་གི་སློབ་གསོ་ནས་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོའི(འབྲིང་རིམ་ལས་རིགས་སློབ་གསོ་ཚུད་པ)བར་རྒྱ་ཆེར་བཏང་ཡོད། 2016ལོ་ཁོ་ནར་ལྗོངས་ཡོངས་སུ་སློབ་མ་ཁྲི་53.5ལ་ཕན་པ་ཐོབ་པ་དང་ཁྱབ་ཚད་100%ཟིན་པ་དང་ཚད་གཞི་སྒོར་3240ཟིན་གྱི་ཡོད།

    “འགན་ལེན་གསུམ”གྱི་སྲིད་ཇུས་དང་འདྲ་བར་སློབ་གསོའི་གཏོང་སྒོ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས་རང་ལྗོངས་སུ་སློབ་ཞུགས་གོང་གི་སློབ་གསོ་ནས་རབ་འབྱམས་པ་དང་འབུམ་རམས་པའི་ཞིབ་འཇུག་སློབ་མའི་དུས་མཚམས་བར་གྱི་སློབ་མར་རོགས་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་སྤྱིའི་ཆ་ནས་བསྐྲུན་ཟིན་པ་དང་འབྲེལ་ལོ་15ཡི་རིན་མེད་སློབ་གསོ་མངོན་འགྱུར་བྱུང་ཡོད། གྲོང་ཁྱེར་དུ་གླ་པར་ཡོང་མཁན་བུ་ཕྲུག་གིས་རྨང་གཞིའི་སློབ་གསོ་དང་ལེན་བྱེད་པ་དང་དུས་མཚུངས་ས་གནས་དེ་གའི་སློབ་མ་དང་གཅིག་མཚུངས་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་ཆོག་པ་དང་ཞིང་འབྲོག་པའི་བུ་ཕྲུག་མཐོ་སློབ་ཏུ་ཚུད་ཚད་75.4%ཟིན་གྱི་ཡོད་པ་རེད།

    སློབ་གསོའི་དབུལ་སྐྱོར་ཐད་སློབ་གསོའི་དབུལ་སྐྱོར་གྱི“321”འདུ་འགོད་ལག་བསྟར་བྱས་ཏེ་གཱ་དང་ཡིག་ཚགས་བཟོས་པའི་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་དང་དེ་བཞིན“གཉིས་ལུས་སློབ་མར”རིན་མེད་འབྲིང་རིམ་ལས་རིགས་སློབ་རྒྱུས་སློབ་གསོའི་ཆེད་དོན་སློབ་བསྡུའི་འཆར་གཞིའི་མི་གྲངས་1400བཀོད་སྒྲིག་བྱས་ནས་གཱ་དང་ཡིག་ཚགས་བཟོས་པའི་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་ལ་མཐོ་རིམ་སློབ་གསོ་རིན་མེད་དང་ལེན་བྱེད་པའི་སྲིད་ཇུས་ལག་བསྟར་བྱས་པ་རེད།

    སློབ་གསོ་བོད་སྐྱོར་ལས་ས་མཐོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ། 

    རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པ་དང་སྦྲགས་རིམ་པ་མཐོ་བའི་ཤེས་ལྡན་མི་སྣའི་དགོས་མཁོ་ཉིན་རེ་བཞིན་ཆེ་རུ་སོང་ནས་དེ་སྔའི“ཁ་ཐོར་རྣམ་པའི”སློབ་གསོའི་ཤེས་ལྡན་མི་སྣའི་བོད་སྐྱོར་བྱེད་སྟངས་ཀྱིས་རང་ལྗོངས་ཀྱི་སློབ་གསོ་རྗེས་ལུས་རྣམ་པར་རྩ་བའི་ཆ་ནས་འགྱུར་ལྡོག་གཏོང་ཐུབ་ཀྱི་མེད།

    2016ལོའི་ལོ་སྟོད་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་སློབ་གསོ་པུའུ་སོགས་སྡེ་ཚན་གྱི་ཚོགས་སྒྲིག་རྣམ་པའི་སློབ་གསོའི་ཤེས་ལྡན་མི་སྣའི་བོད་སྐྱོར་གཏན་འབེབས་གཞིར་བཟུང་། སློབ་གསོ་བོད་སྐྱོར་ལས་དོན་གྱི་འགོ་གསར་པ་བརྩམས་ཡོད། པེ་ཅིང་དང་ཅང་སུའུ་སོགས་ཞིང་ཆེན་དང་གྲོང་ཁྱེར་དང་སློབ་གསོ་པུའི་ཐད་གཏོགས་མཐོ་སློབ་ཀྱི་ཞོར་གཏོགས་སློབ་གྲྭ་འབྲིང་ཆུང་17གྱི་བོད་སྐྱོར་དགེ་རྒན་800ལས་གྲུབ་པའི་ཚོགས་པ་20ཡིས་བོད་ཀྱི་སློབ་གྲྭ་འབྲིང་ཆུང་20ལ་ཁ་གཏད་རོགས་སྐྱོར་བྱས་པ་རེད།

    ལོ་གཅིག་ལྷག་ཙམ་རིང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་བོད་སྐྱོར་ཚོགས་པས་གཞི་རིམ་དུ་སློབ་ཁྲིད་དང་། གཅིག་སྡུད་གསོ་སྦྱོང་། རྒྱང་ཁྲིད་སློབ་གསོའི་ཆ་འཕྲིན་ལག་རྩལ་སོགས་ཀྱི་བྱེད་སྒོ་སྤེལ་བས་རང་ལྗོངས་ཀྱི་རྫོང་རིམ་པ་མན་གྱི་སློབ་གྲྭ་འབྲིང་ཆུང་གི་དོ་དམ་དང་སློབ་ཁྲིད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་མ་ཟད། སློབ་གསོའི་ཤེས་ལྡན་མི་སྣའི་བོད་སྐྱོར་ཤུགས་རྐྱེན་དང་ཁྱབ་ཚད་རིམ་གྱིས་ཆེ་རུ་ཕྱིན་པ་དང་སློབ་གསོ་བོད་སྐྱོར“གཞན་རྟེན”ནས“རང་རྟེན་”བར་འཕེལ་རྒྱས་ཕྱིན་ནས་རང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།
010020070840000000000000011100001367310081