བོད་ལྗོངས།
ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་དུམ་བུའི་ལམ་གཞིའི་གཙོ་གཟུགས་ལས་གྲྭ་ལེགས་གྲུབ་བྱུང་བ།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། སྤྱི་ཚེས་28ཉིན་གསར་འགོད་པར་ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་དུམ་བུའི་ལམ་གཞིའི་གཙོ་གཟུགས་ལས་གྲྭ་ལེགས་གྲུབ་བྱུང་ཡོད།

    ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་དུམ་བུ་ནི་བོད་རང་སྐྱོང་ལྗོངས་ཀྱི་ལྷ་ས་ནས་འགོ་ཚུགས་ཏེ་ལམ་བར་དུ་གུང་དཀར་དང་གྲ་ནང་། རྩེད་ཐང་། ཟངས་རི། རྒྱ་ཚ། སྣང་རྫོང་། སྨན་གླིང་བཅས་བརྒྱུད་ཉིང་ཁྲི་གྲོང་ཁྱེར་བར་ཡིན་ཞིང་། གསར་སྐྲུན་བྱས་པའི་ལམ་ཐིག་མ་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་402ཟིན་པ་དང་། ལམ་ཐིག་ཧྲིལ་པོར་ཁྱོན་འཕྲེང་འགོ་དང་གུང་དཀར། གྲ་ནང་། རྩེད་ཐང་། ཉིང་ཁྲི་སོགས་མེ་འཁོར་འབབ་ཚུགས་34བཙུགས་ཡོད།

    ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིའི་འབྲེལ་ཡོད་འགན་འཁུར་མི་སྣས། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་དུམ་བུ་ནི་དུས་ཡུན་རིང་འབྲིང་གི་ལྕགས་ལམ་དྲ་བའི་འཆར་འགོད་ཁྲོད་ཀྱི་ཁྲོན་བོད་ལྕགས་ལམ་དང་ཡུན་བོད་ལྕགས་ལམ་གྱི་གལ་ཆེའི་གྲུབ་ཆ་ཡིན་པ་དང་། བོད་ལྗོངས་ས་ཁུལ་དང་སི་ཁྲོན། ཁྲུང་ཆིང་། ཀུད་ཀྲའོ། ཀྲུང་ཧྭ་དབུས་རྒྱུད་དང་ཤར་རྒྱུད་སོགས་ས་ཆའི་དབར་གྱི་འགྲུལ་སྐྱེལ་དང་ཟོག་འདྲེན་གྱི་འགྲོ་ལམ་གཙོ་བོ་ཡིན། ལྕགས་ལམ་དེ་བསྐྲུན་རྗེས་མུ་མཐུད་ས་ཁོངས་ལྕགས་ལམ་དྲ་བའི་གྲུབ་ཆ་འཐུས་ཚང་དུ་འགྲོ་བ་དང་། ལམ་རྒྱུད་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་འགྲོ་བ། ས་ཆ་དེ་གའི་ཐོན་ཁུངས་ལེགས་ཆ་དཔལ་འབྱོར་ལེགས་ཆར་བསྒྱུར་རྒྱུ་མགྱོགས་སུ་འགྲོ་བ། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བ། རྒྱལ་སྲུང་འགྲིམ་འགྲུལ་གྱི་འགན་སྲུང་ནུས་པ་ཤུགས་ཆེར་འགྲོ་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསལ་སྟོན་བྱས།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001367907431