བོད་ལྗོངས།
ལྗང་མདོག་དེ་བས་མང་དུ་སོང་བ།

   —— ལོ་ལྔའི་རིང་རང་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་སྤྱིའི་བཀོད་སྒྲིག་ལ་གཞིགས་ཏེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པའི་ནང་འཇུག་རྒྱུར་སྐུལ་འདེད་བཏང་བ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་སྣོད་བཅུད་ཤེས་དཔལ་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུར་དམིགས་ནས་དགོངས་པ་གསར་པ་དང་། ཆོད་གཏམ་གསར་པ། བྱེད་ཐབས་གསར་པ་བཅས་རབ་དང་རིམ་པ་བཏོན་པ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་བ་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་བ། ས་མཐོའི་ཁོར་ཡུག་ཁྲོད་བོད་ཉིད་རྒྱུན་མཐུད་འཕེལ་རྒྱས་འགྲོ་བའི་ལམ་བུ་གསར་པ་འཚོལ་ཞིབ་བྱས་པར་གྲུབ་འབྲས་གསར་པ་ཐོབ་ནས་འབད་འབུངས་ཡར་བརྩོན་ངང་ལྗང་མདོག་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་རྒྱུར་རྨང་གཞི་བརྟན་པོ་བཏིང་བ་དང་། སྣོད་བཅུད་ཤེས་དཔལ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་བསྐྲུན་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

    སྲུང་སྐྱོང་སྔོན་ལ་བྱས་པས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ཟམ་མི་ཆད་པར་བརྟན་དུ་ཕྱིན་པ།

    2013ལོ་ཚུན་དུ། 《བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད》ནང་གཏན་འབེབས་བྱས་པའི་སྲུང་སྐྱོང་དང་། འཛུགས་སྐྲུན། འདེགས་སྐྱོར་འགན་ལེན་བཅས་རིགས་ཆེན་པོ་3གྱི་ལས་གྲྭ་ཁག་10ལག་ལེན་བསྟར་བར་ཁྱོན་མ་དངུལ་སྒོར་དུང་ཕྱུར་95.2བཏང་ནས་རིམ་པ་ཁག་དང་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་47(རྒྱལ་ཁབ་རིམ་པ་11)བསྐྲུན་པ་དང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་41.22ཟིན་ཏེ་བོད་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་34.35%བཟུང་བ་དང་། སྣོད་བཅུད་ནུས་པ་སྲུང་སྐྱོང་ཁུལ་22(རྒྱལ་ཁབ་རིམ་པ་1)དང་། རྒྱལ་ཁབ་རིམ་པའི་གྲགས་ཅན་མཛེས་ལྗོངས་ཁུལ་4 རྒྱལ་ཁབ་ནགས་ཚལ་སྤྱི་གླིང་9 རྒྱལ་ཁབ་འདམ་ར་སྤྱི་གླིང་8 ས་གཤིས་སྤྱི་གླིང་4(རྒྱལ་ཁབ་རིམ་པ་3)བཅས་བསྐྲུན་པ་རེད།

    ལྟ་ཞིབ་ཚད་འཇལ་བྱས་འབྲས་ལས་མངོན་པར། བོད་ལྗོངས་ས་མཐོའི་སྣོད་བཅུད་མ་ལག་སྤྱི་ཡོངས་ནས་འཕེལ་ཕྱོགས་ཡག་པོ་ཡོད་པ་དང་། གཙོ་གནད་ལས་གྲྭ་ཁུལ་དུ་སྣོད་བཅུད་ཕན་འབྲས་ཐོན་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་རྒྱུན་འཁྱོངས་ནུས་ལྡན་ཐུབ་ཡོད། སྔོན་ཐོན་དཔེ་མཚོན་གྱི་སྣེ་ཁྲིད་དཔེ་སྟོན་ནུས་པ་འདོན་སྤེལ་བྱ་ཆེད། ལྗོངས་ཡོངས་ཀྱིས་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་དཔེ་བཟང་གྲོང་ཁྱེར་གཏོད་འདེམས་ལས་དོན་སྤེལ་འགོ་ཚུགས་པ་དང་། མིག་སྔའི་བར། ལྗོངས་ཡོངས་སུ་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་རྫོང་7དང་། སྣོད་བཅུད་ཤང་དང་གྲོང་རྡལ་128 སྣོད་བཅུད་གྲོང་ཚོ་1296ཟིན་ཡོད། ལྷ་ས་གྲོང་ཁྱེར་འདི་ཉིད་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་དཔེ་བཟང་གྲོང་ཁྱེར་དུ་ཧུར་ཐག་བཏོད་པ་དང་། ལྷོ་ཁ་དང་། ཉིང་ཁྲི གཞིས་རྩེ་བཅས་རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་སྔོན་ལ་ལག་ལེན་བསྟར་བའི་དཔེ་བཟང་ཁུལ་གྱི་གྲས་སུ་བཅུག་པ། བྲག་ཡིབ་ཆུས་ལ་རྒྱལ་ཡོངས་ཀྱི་ཁག་དང་པོའི“རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་རྫོང”གི་མཚན་སྙན་ཐོབ་པ་རེད།

    འགོག་བཅོས་གལ་ཆེ་མཉམ་དུ་འཛིན་པས་ཁོར་ཡུག་སྤུས་ཚད་ཡག་པོ་རྒྱུན་འཁྱོངས་ཐུབ་པ།

    སྲུང་སྐྱོང་སྔོན་ལ་བྱེད་པ་དང་འགོག་བཅོས་གལ་ཆེ་མཉམ་དུ་འཛིན་ཞིང་། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གྲོང་ཁྱེར་དང་ས་ཁུལ་གྱི་སྲིད་འཛིན་ཀུང་ཧྲུའུ(སྲིད་གཞུང)ཁག་དང《“ལོ་ལྔ་ཚན་བཅུ་གཉིས་པའི”སྦགས་བཙོག་དངོས་པོ་གཙོ་བོའི་སྤྱི་འབོར་ཉུང་གཏོང་དམིགས་ཚད་ཀྱི་འགན་འཁྲིའི་ཡི་གེ》བཞག་པ་དང་། “ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་བར། སྦགས་བཙོག་དངོས་པོ་གཙོ་བོ་རིགས་བཞི་རྒྱལ་ཁབ་ཀྱི་ཞིབ་བཤེར་གཏན་འབེབས་ཁྱབ་ཁོངས་ནང་ཚོད་འཛིན་ཐུབ་ཡོད། དེ་དང་ཆབས་ཅིག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་ཆེད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས《〈རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་ཀྱི་བྱ་སྤྱོད་འཆར་གཞི〉ལག་བསྟར་ཞིབ་སྲོལ》དང་། 《〈ཆུའི་སྦགས་བཙོག་འགོག་བཅོས་ཀྱི་བྱ་སྤྱོད་འཆར་གཞིའི〉ལས་ཀའི་ཇུས་གཞི》 《ས་རྒྱུའི་སྦགས་བཙོག་འགོག་བཅོས་ཀྱི་བྱ་སྤྱོད་འཆར་གཞིའི་ལས་ཀའི་ཇུས་གཞི》བཅས་ལ་ཆོག་མཆན་བཀོད་པ་དང་ལག་ལེན་བསྟར་བར་ཁྱོན་མ་དངུལ་སྒོར་དུང་ཕྱུར་56.98བཏང་སྟེ་སྲིད་འཛིན་གྲོང་ཚོ་5467ལ་གད་སྙིགས་སྦགས་བཙོག་མེད་པར་བཟོ་བ་དང་། འཐུང་ཆུའི་བདེ་འཇགས་འགན་ལེན་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་སོགས་ནང་དོན་གཙོ་བོར་བྱས་པའི་མི་སྡོད་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱས་པར་ཁོར་ཡུག་ཚོད་འཛིན་རང་བཞིན་གྱི་དམིགས་ཚད་རྒྱལ་ཁབ་ཀྱི་ཞིབ་བཤེར་གཏན་འབེབས་ཁྱབ་ཁོངས་ནང་ཚོད་འཛིན་ཐུབ་པ་དང་། ཆུ་དང་། རླངས། སྒྲ། ས་རྒྱུ། འགྱེད་འཕྲོ་བཅས་དང་། དེ་བཞིན་སྣོད་བཅུད་ཁོར་ཡུག་སྤུས་ཚད་ཡག་པོ་རྒྱུན་འཁྱོངས་ཐུབ་པ། ཡར་ཀླུང་གཙང་པོ་དང་གནམ་མཚོ་སོགས་ཀྱི་གཙང་པོ་དང་མཚོ་མཚེའུ་གཙོ་བོའི་ཆུའི་སྤུས་ཚད་རིམ་པ་གཉིས་པ་ཡན་དུ་སླེབས་པ། ལྷ་སའི་སྐྱིད་ཆུ་དང་ཉང་ཆུ་སོགས་རྒྱུག་ཁུལ་གྲོང་ཁྱེར་དང་གྲོང་རྡལ་གཙོ་བོའི་རྒྱུག་ཆུའི་ཆུའི་སྤུས་ཚད་རིམ་པ་གསུམ་པའི་ཚད་གཞིར་སླེབས་པ། གྲོང་ཁྱེར་དང་གྲོང་རྡལ་གཙོ་བོའི་ཁོར་ཡུག་དང་མཁའ་རླུང་སྤུས་ཚད་སྤྱི་ཡོངས་ནས་ཡག་པོ་ཡོད་པ་རེད།

    འདུ་ཤེས་སེམས་ལ་ཟུག་པས་ཁོར་ཡུག་དཔྱད་ཞིབ་ཀྱི་བཀོད་འདོམས་ནུས་པ་ཐོན་པ།

    བོད་རང་སྐྱོང་ལྗོངས་ཀྱིས་ཁོར་ཡུག་ཆོག་འཐུས་འགག་སྒོ་ནན་པོ་སྲུང་བ་དང་། ཁོར་ཡུག་ལྟ་སྐུལ་དོ་དམ་ལ་རྒྱུན་མཐུད་ངང་ཤུགས་སྣོན་རྒྱག་པ། ཁོར་ཡུག་གནད་དོན་ཞིབ་བཤེར་ཐག་གཅོད་དང་འགན་འཁྲི་བདའ་འདེད་ལ་ཤུགས་སྣོན་རྒྱག་པ། ཁོར་ཡུག་སྲུང་སྐྱོང་དཔྱད་ཞིབ་སོགས་ཀྱི་ལས་དོན་སྤེལ་བར་འབྱུང་རྩ་ནས་ཁོར་ཡུག་སྦགས་བཙོག་དང་སྣོད་བཅུད་གཏོར་བཤིག་ཚོད་འཛིན་བྱས་པ་དང་དག་ཐེར་ལ་ལྟ་སྐུལ་བྱེད་པའི་ཁྲོད་ཁེ་ལས་ལ་ལྷག་པའི་ཁོར་ཡུག་གནད་དོན་ཐག་གཅོད་བྱེད་དུ་བཅུག་པ་རེད།

    2013ལོ་ཚུན་དུ། དཔྱད་ཞིབ་བྱ་དགའི་མ་དངུལ་སྒོར་དུང་ཕྱུར་2.26བཏང་བ་དང་དཔྱད་ཞིབ་ཚད་མི་ལོན་པའི་རྫོང(ཆུས)15ཡི་འགན་འཁུར་བ་གཙོ་བོ་སྐོང་འདྲི་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་དཔྱད་ཞིབ་ཀྱི་བཀོད་འདོམས་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། ཐེར་འདོན་བྱས་པའི་ཁོར་ཡུག་གནད་དོན་1293བདག་སྤྲོད་བྱས་པ་དང་གྱོད་གཞི་སྒྲུབ་ཚད་100%ཟིན་པ། ཁོར་ཡུག་གི་ཁྲིམས་འགལ་གྱོད་གཞི་617ཞིབ་བཤེར་ཐག་གཅོད་བྱས་པ་དང་། 317ལ་སྲིད་འཛིན་ཆད་པ་བཅད་པ། དངུལ་ཆད་སྒོར་ཁྲི་2040.7བཏང་བ། 14སྒོ་ཐེལ་བརྒྱབ་པ་དང་བཙན་ཉར་བྱེད་པ། ཁེ་ལས་19སྒོ་བརྒྱབ་པ་བཅས་བྱས་པར་རང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་བྱེད་པོའི་འགན་འཁྲི་དང་གཏོགས་ཁོངས་དོ་དམ་གྱི་ཁྲིམས་གཏན་འཁེལ་བའི་འགན་འཁྲི་དོན་འཁྱོལ་ལ་སྔར་བས་སྐུལ་མ་ཐེབས་པ་དང་མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་ཁོར་ཡུག་གནད་དོན་ཐག་གཅོད་ཐུབ་ནས་རིགས་ཁག་གི་ཁོར་ཡུག་ཁྲིམས་འགལ་བྱེད་སྤྱོད་ཐར་པར་གཏན་ནས་མི་གཏོང་རྒྱུ་རྒྱུན་འཁྱོངས་བྱས་པ་རེད།  

འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།
010020070840000000000000011100001368817481