བོད་ལྗོངས།
སྤུས་ཚད་ལེགས་གཏོང་དང་ཕན་འབྲས་ཆེར་གཏོང་གིས་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

   —— ཉིང་ཁྲི་གྲོང་ཁྱེར་གྱིས་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བའི་སྐོར་གྱི་སྒྲིལ་གླེང་།

    ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་པ་གལ་ཆེན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་རང་སྐྱོང་ལྗོངས་ཀྱིས་བཏོན་པའི་ཁེ་ལས་ཀྱི་ཐོན་སྐྱེད་དང་ཕན་འབྲས་ཆེར་གཏོང་དང་ཁེ་ལས་ཀྱི་ལས་བཟོའི་ཐོབ་ཆ་ལེགས་སུ་གཏོང་བ་དང་། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུ་མཐའ་འཁྱོངས་དང་ལས་བཟོའི་ཁེ་ཕན་སྲུང་སྐྱོང་ཏན་ཏིག་བྱས་པས་བོད་ལྗོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་པ་རེད།

    གཞུང་ཁོངས་ཁེ་ལས་སྒྱུར་བཅོས་བྱེད་མགྱོགས་སུ་བཏང་ནས་ཁེ་ལས་ཀྱི་སྤུས་ཚད་ལེགས་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་བཏང་བ།

    སྤུས་ཚད་ལེགས་གཏོང་དང་ཕན་འབྲས་ཆེ་རུ་གཏོང་བར་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་བྱ་རྒྱུ་ནི་འགག་རྩ་ཡིན། ཉིང་ཁྲི་གྲོང་ཁྱེར་གྱིས་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་གཙོ་ཁྲིད་ནུས་པ་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་དང་། དམངས་འཚོ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཐད་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་གཏོང་བ། གཞུང་ཁོངས་ཁེ་ལས་ཀྱི་ལེགས་ཆར་གཞི་ཚུགས་པ། དབང་བའི་ལམ་ལུགས་འདྲེས་མའི་དཔལ་འབྱོར་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་པས་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།

    འགག་རྩར་དམ་འཛིན་བྱས་ཏེ་དབང་བའི་ལམ་ལུགས་འདྲེས་མ་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་བཏང་བ། དབང་བའི་ལམ་ལུགས་འདྲེས་མ་སྒྱུར་བཅོས་བྱེད་པ་ནི་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན་ལ། སླད་ཕྱིན་དུས་སྐབས་ཤིག་རིང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་བྱེད་པའི་གཙོ་གནད་ཅིག་ཀྱང་ཡིན། “ཉིང་ཁྲི་གྲོང་ཁྱེར་གྱི་གཞུང་ཁོངས་ཁེ་ལས་ཁག་གཅིག་གིས་དབང་བའི་ལམ་ལུགས་འདྲེས་མའི་སྒྱུར་བཅོས་ལས་དོན་སྤེལ་ནས་ལྗོངས་ཕྱི་ནང་གི་ལེགས་ཆའི་ཁེ་ལས་དང་མཉམ་ལས་ཧུར་ཐག་བྱས་པས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། ‘ཀྲུང་དབྱང་ཁེ་ལས་ཀྱིས་གཞོགས་འདེགས་དང་དམངས་ཕྱུག་བོད་དར་བྱེད་པའི’བྱེད་སྒོའི་ལས་སྟེགས་བརྒྱུད། མིག་སྔར། ཉིང་ཁྲི་གྲོང་ཁྱེར་གྱིས་ཀྲུང་དབྱང་ཁེ་ལས་དང་རྣམ་གྲངས་58ལ་མིང་རྟགས་བཀོད་པའི་ནང་། གན་རྒྱའི་རིགས་ཀྱི་རྣམ་གྲངས་40དང་འདོད་མོས་རིགས་ཀྱི་རྣམ་གྲངས་18ཡོད་པ་དེ་དག་གི་མ་དངུལ་སྒོར་དུང་ཕྱུར་2483.5ཟིན་གྱི་ཡོད། རྡོ་ཕུག་ཆུ་ཤུགས་གློག་ཁང་དང་། ཉིང་ཁྲིའི་གྲོང་ཚོར་བགྲོད་ལམ་ཤར་གཏོང་ལས་གྲྭ ཆུ་དཔྱད་གནམ་གཤིས་ས་ཚིགས་སོགས་རྣམ་གྲངས་མང་པོ་ལེགས་གྲུབ་ཟིན་ནས་ཁྱོན་མ་དངུལ་སྒོར་དུང་ཕྱུར་104.7དོན་འཁྱོལ་ཐུབ་ཡོད”ཅེས་ཉིང་ཁྲི་གྲོང་ཁྱེར་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་བཤད།

    གཙོ་གནད་འབུར་ཐོན་གྱིས་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཐད་ཕན་འབྲས་ཐོན་རྒྱུའི་འགན་ལེན་བྱས་པ། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་ལས་དོན་ཡག་པོ་བསྒྲུབས་མིན་དེ་ཁེ་ལས་དཀའ་གནད་ལས་སྒྲོལ་བ་དང་ཁེ་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་ཐབས་བཟང་པོ་དང་མང་པོ་ཡོད་མིན་ལ་ལྟ་དགོས། ཉིང་ཁྲི་གྲོང་ཁྱེར་གྱིས་གཞུང་ཁོངས་དཔལ་འབྱོར་གྱི་བཀོད་སྒྲིག་གྲུབ་ཆ་ལེགས་སྒྲིག་རིམ་སྤོར་ལ་སྐུལ་འདེད་བཏང་བ་དང་དུས་མཚུངས། ཁེ་ལས་ལ“དབུལ་སྐྱོར་ཤོག་ཆག”སྤྲད་ནས་ཁེ་ལས་སྒྱུར་བཅོས་འཕེལ་རྒྱས་ཀྱི་རོགས་སྐྱོར་མ་དངུལ་གང་ལེགས་སྤྱད་དེ་གཞུང་ཁོངས་ཁེ་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། 2014ལོ་ནས་བཟུང་། ཁེ་ལས་སྒྱུར་བཅོས་འཕེལ་རྒྱས་ཀྱི་རོགས་སྐྱོར་མ་དངུལ་སྒོར་ཁྲི་2800བཏང་བ་དག་རྣམ་གྲངས་24དང་འབྲེལ་བ་ཡོད་ཅིང་། ད་ཆ་ཉིང་ཁྲི་གྲོང་ཁྱེར་གྱིས་ཁེ་ལས་སྒྱུར་བཅོས་ཀྱི་རོགས་སྐྱོར་མ་དངུལ་བགོ་བའི་བྱ་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་བཞིན་ཡོད་པས་མ་དངུལ་ཁག་གཅིག་བཏོན་ཏེ་ཁེ་ལས་ལ“རོགས་སྐྱོར་ཤོག་ཆག”སྤྲད་པ་མ་ཟད། སྒྱུར་བཅོས་འཕེལ་རྒྱས་ཀྱི་རོགས་སྐྱོར་མ་དངུལ་སྤྲད་ནས་ཁེ་ལས་ཀྱི་རྣམ་གྲངས་འཕེལ་རྒྱས་ཐད་སྐྱེད་སྦྱར་དངུལ་བུན་གཏོང་བའི་བྱ་ཐབས་སྤྱད་དེ་མ་དངུལ་ཉུང་ངུས་རྣམ་གྲངས་ཆེན་པོ་བསྒྲུབ་རྒྱུ་ལག་ལེན་བསྟར་ནས་གཞུང་ཁོངས་ཁེ་ལས་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་ཁེ་ལས་འཕེལ་རྒྱས་ཐད་སྒུལ་ཤུགས་ཆེན་པོ་ཞིག་བསྣན་ཡོད།

    ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་གཞུང་ཁོངས་ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་བྱས་པ།

    གཞུང་ཁོངས་ཁེ་ལས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ་དེས་གཞུང་ཁོངས་ཁེ་ལས་ནང་ཁུལ་གྱི་ཚོད་འཛིན་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུར་ཕན་པ་ཡོད་ལ། ཁེ་ལས་ཀྱི་གཉེར་སྐྱོང་དོ་དམ་ཆུ་ཚད་དང་ཉེན་ཁ་འགོག་པའི་ནུས་པ་ཆེ་རུ་འགྲོ་རྒྱུར་ཕན་པའང་ཡོད།

    ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཁེ་ལས་ཀྱི་གཉེར་སྐྱོང་ལས་རྗེས་དམིགས་ཚད་དཔྱད་ཞིབ་ལས་དོན་ཧུར་ཐག་སྤེལ་ནས་ཉམས་མྱོང་ཕྱོགས་སྡོམ་བྱས་པ་དང་ཁེ་ལས་ཀྱི་གཉེར་སྐྱོང་ལས་རྗེས་དམིགས་ཚད་དཔྱད་ཞིབ་ཇུས་གཞི་སྔར་བས་འཐུས་སྒོ་ཚང་དུ་བཏང་ཡོད། དེ་དང་དུས་མཚུངས་ལྟ་བཤེར་ཨུ་ལྷན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གྲོང་ཁྱེར་ཁོངས་གཏོགས་ཀྱི་ལྟ་སྐུལ་དོ་དམ་ཁེ་ལས་ཁག་གི་ལྟ་བཤེར་ཨུ་ལྷན་གྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་ལྟ་བཤེར་ཨུ་ལྷན་གྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་དང་ལྟ་བཤེར་ཨུ་ལྷན་གྱི་ལྟ་སྐུལ་དོ་དམ་བྱེད་ཁོངས་དང་གཙོ་གནད་སྔར་བས་ཁ་གསལ་བཟོས་ཏེ་ལྟ་བཤེར་ཨུ་ལྷན་གྱི་ལྟ་སྐུལ་འཁོར་རྒྱུག་ལམ་སྲོལ་རྒྱུན་ཆད་མེད་པར་ཚད་ལྡན་ཡོང་བ་བྱས་ནས་ཁེ་ལས་ཀྱིས“གཙོ་གནད་གསུམ་དང་དངུལ་འབོར་ཆེ་བ་གཅིག”གི་ལམ་ལུགས་དོན་འཁྱོལ་ནན་པོ་བྱ་རྒྱུར་སྐུལ་འདེད་བཏང་ཡོད།

    གཞུང་ཁོངས་མ་རྩའི་ཁེ་བཟང་བསྡུ་བའི་ལས་དོན་ཡག་པོ་བསྒྲུབས་པ། ཉིང་ཁྲི་གྲོང་ཁྱེར་གྱིས་གཞུང་ཁོངས་མ་རྩའི་གཉེར་སྐྱོང་སྔོན་རྩིས་སྒྲིག་ཁོངས་དོ་དམ་གྱི་བླང་བྱ་གཞིར་བཟུང་། དེ་སྔའི་ལོ་རེའི་གཞུང་ཁོངས་མ་རྩའི་ཁེ་བཟང་བསྡུ་བའི་རྨང་གཞིའི་ཐོག ལོ་རྗེས་མའི་གཞུང་ཁོངས་མ་རྩའི་ཁེ་བཟང་བསྡུ་བའི་ལས་དོན་ཡག་པོ་བསྒྲུབས་ཏེ་གཞུང་ཁོངས་མ་རྩའི་གཉེར་སྐྱོང་གི་ཁེ་བཟང་ཤོར་བར་བཀག་འགོག་དང་འབྲེལ། གྲོང་ཁྱེར་ཁོངས་གཏོགས་ཀྱི་ལྟ་སྐུལ་དོ་དམ་ཁེ་ལས་ཁག་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གཞུང་ཁོངས་བདག་དབང་གི་དོ་དམ་བསམ་འཆར་བཏོན་པ་དང་། ཁེ་ལས་ཀྱི་གཞུང་ཁོངས་མ་རྩའི་བདག་དབང་གཏན་འཁེལ་དང་། ཐོ་འགོད། བགོ་བ། ཐག་གཅོད་བཅས་དང་བདག་དབང་གི་རྩོད་གཞི་བར་འདུམ་ཐག་གཅོད་སོགས་ཀྱི་ལས་དོན་ནན་ཏན་ངང་ཡག་པོ་བསྒྲུབས་ཡོད་པ་རེད།

    ལས་བཟོའི་ཁེ་དབང་སྲུང་སྐྱོང་བྱས་ནས་ནུས་ཤུགས་ཡོད་རྒུས་ཞི་མཐུན་ཁེ་ལས་བསྐྲུན་པ།

    མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་སྒྲུབ་པ། ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ལས་བཟོའི་རྩ་བའི་ཁེ་ཕན་བསྲུང་རྒྱུ་དེ་ཁེ་ལས་ཀྱིས་ལས་དོན་སྤེལ་བའི་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩིས་ནས་ལས་བཟོའི་སྙིང་གཏམ་ཉན་རྒྱུར་དོ་སྣང་དང་ལས་བཟོའི་བསམ་འཆར་དང་གྲོས་འགོར་བརྩི་འཇོག་བྱས་ཏེ་ལས་བཟོའི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱས་ཡོད་པ་རེད།

    ལས་བཟོའི་ལས་ཀ་དང་འཚོ་བའི་མཐུན་རྐྱེན་ལེགས་སུ་བཏང་བ། ཉིང་ཁྲི་གྲོང་ཁྱེར་གྱིས“དྲོ་སྐྱིད་སྦྱིན་པའི”བྱེད་སྒོ་ཐེངས་མང་སྤེལ་ཏེ་དབུལ་སྐྱོར་དཀའ་སེལ་གྱི་སྒོ་ནས་ལས་བཟོའི་སེམས་ཁྲལ་དང་དཀའ་ངལ་ཧུར་ཐག་བསལ་ཏེ་ཁེ་ལས་ཀྱི་ལས་བཟོའི་གླ་ཆ་འཕར་རྒྱུའི་གནད་དོན་ཐག་གཅོད་བྱ་རྒྱུ་འགན་ལེན་བྱས་པ་མ་ཟད། དབུལ་སྐྱོར་འགག་སྒྲོལ་གྱི་ལས་དོན་དོན་འཁྱོལ་ལ་དམ་འཛིན་གྱིས་དབུལ་སྐྱོར་དཀའ་སེལ་གྱི་ལས་ཀ་ཞིབ་ཕྲ་དང་ཏན་ཏིག་ངང་བསྒྲུབས་པའི་རྨང་གཞིའི་ཐོག གྲོང་ཁྱེར་ཁོངས་གཏོགས་ཀྱི་ལྟ་སྐུལ་དོ་དམ་བྱ་ཡུལ་ཁེ་ལས་ཀྱི་ཧུར་སེམས་གང་ལེགས་འཕེལ་བ་བྱས་ཏེ་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གྱིས་གཏན་འཁེལ་གྱི་དུས་ཚོད་ནང་དུད་ཚང་དབུལ་པོ་དབུལ་སྒྲོལ་ཡོང་བའི་རོགས་རམ་བྱས་ཡོད་པ་རེད།

    ཁེ་ལས་ཀྱི་རིག་གནས་གཏོད་འཛུགས་ལས་དོན་ལ་དམ་འཛིན་བྱས་པ། ཉིང་ཁྲི་གྲོང་ཁྱེར་གྱིས་ཁེ་ལས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཁར། ཁེ་ལས་ཀྱི་ལས་མི་གསོ་སྦྱོང་དང་ཁེ་ལས་ཀྱི་རིག་གནས་དྲིལ་བསྒྲགས་རྒྱ་ཁྱབ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་སོགས་ཀྱི་བྱེད་ཐབས་བརྒྱུད། ཁེ་ལས་ཀྱི་ལས་མིས་ཁེ་ལས་ལ་འཛིན་པའི་ལྟེ་བའི་རིན་ཐང་ལྟ་བ་དང་། སྤྱི་ཚོགས་ཀྱི་འགན་འཁྲི། ཁེ་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་བཅས་ཀྱི་མོས་སེམས་དང་གཏོགས་སེམས་བསྐྱེད་པ་དང་འདུ་ཤེས་དེ་དག་རང་རྟོགས་ངང་རང་ངོས་ཀྱི་རྒྱུན་གཏན་གྱི་ལས་ཀ་དང་འཚོ་བའི་ནང་འདྲེས་ནས་ཁེ་ལས་ཀྱི་ནང་གནས་ཀྱི་གོང་བུ་འགྲིལ་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད་པ་རེད།

    “དུས་བབ་གསར་པ་དང་འགྲན་སློང་གསར་པའི་འོག ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རང་སྐྱོང་ལྗོངས་སྲིད་གཞུང་གི་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་ཡང་དག་པའི་མཛུབ་ཁྲིད་འོག གྲོང་ཁྱེར་ཡོངས་ཀྱི་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བཟོས་འགན་འཁྲི་སྔར་བས་འཁུར་བའི་རྣམ་འགྱུར་དང་། སྤྲོ་བ་རབ་ཏུ་འཕེལ་བ། གསར་གཏོད་ལྡན་པའི་བྱ་ཐབས་བཅས་ཀྱི་སྒོ་ནས་འབྱུང་འགྱུར་གྱི་ལས་ཀའི་ནང་ཞུགས་ཏེ་ནུས་ཤུགས་ཡོད་རྒུས་ཉིང་ཁྲི་གྲོང་ཁྱེར་གཞུང་ཁོངས་ཁེ་ལས་ཀྱི་སྒྱུར་བཅོས་འཕེལ་རྒྱས་ལ་རྣམ་པ་གསར་པ་བཏོད་ནས་ཉིང་ཁྲི་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་གསར་པ་སྔར་བས་ཆེ་བ་འབུལ་རྒྱུ་ཡིན་པ་ང་ཚོར་ཡིད་ཆེས་ཡོད”ཅེས་ཉིང་ཁྲི་གྲོང་ཁྱེར་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་བཤད། 

འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།
010020070840000000000000011100001368853981