བོད་ལྗོངས།
བོད་ལྗོངས་སུ་འདི་ལོའི་ལས་མི་བསྡུ་བའི་འདུ་ཚོགས་ཐེངས་དང་པོའི་ཐོག་སློབ་ཆེན་སློབ་ཐོན་སློབ་མར་ལས་གནས་7000ལྷག་མཁོ་འདོན་བྱས་པ།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས།  བོད་ལྗོངས་ཀྱི་2018ལོའི་སློབ་ཆེན་སློབ་ཐོན་སློབ་མའི་ལས་མི་བསྡུ་བའི་འདུ་ཚོགས་ཐེངས་དང་པོ་ཚེས་10ཉིན་ལྷ་སར་འཚོགས་པ་དང་། བོད་སྡོད་ཀྲུང་དབྱང་ཁེ་ལས་དང་ཀྲུང་དབྱང་ཐད་གཏོགས་ཁེ་ལས། དམངས་གཉེར་ཁེ་ལས་བཅས་300ལྷག་གིས་ལས་གནས་7000ལྷག་མཁོ་འདོན་བྱས་ཡོད་ཅིང་། འདི་ནི་2018ལོར་བོད་ལྗོངས་ཀྱིས་འཚོགས་པའི་སློབ་ཆེན་སློབ་ཐོན་སློབ་མར་ཁ་ཕྱོགས་པའི་ལས་མི་བསྡུ་བའི་འདུ་ཚོགས་ཆེ་གྲས་ཐེངས་དང་པོ་དེ་ཡིན།

    ཐེངས་འདིའི་ལས་མི་བསྡུ་བའི་འདུ་ཚོགས་ཁྲོད་དོ་དམ་དང་འཆར་འགོད། གཉེར་འཚོང་།  དངུལ་རྩ།  འཕྲུལ་ཆས།  དྲ་རྒྱ།  མི་ཤུགས་ཐོན་ཁུངས།  འཕྲོད་བསྟེན། བཟོ་སྐྲུན་སོགས་ཆེད་ལས་མང་པོ་དང་འབྲེལ་བ་ཡོད་ཅིང་། ལས་མི་བསྡུ་བའི་ལས་གནས་དང་སློབ་ཆེན་སློབ་མའི་ཆེད་ལས་དབར་གྱི་མཐུན་ཚད་80%ཡན་ཟིན་པ་དང་། ཆེད་ལས་རེ་བ་ནི་དངོས་གཞིའི་ཚན་ཁག་གཙོ་བོར་བཟུང་བ་དང་ལས་གནས་འགའ་ཤས་ཀྱི་རེ་བ་ནི་ཆེད་ལས་ཚན་ཁག་གི་སློབ་གཉེར་བརྒྱུད་རིམ་ཡོད་ཚེ་འགྲིག་གི་ཡོད།

    སློབ་ཆེན་སློབ་ཐོན་སློབ་མ་སྟོང་ཕྲག་འགའ་ཤས་ཀྱིས་རང་གི་ངོ་སྤྲོད་དང་འབྲེལ་ཡོད་ལག་ཁྱེར་ཐོག་ནས་ལས་མི་བསྡུ་བའི་འདུ་ཚོགས་ཀྱི་ས་ཡུལ་དངོས་སུ་ཕར་འགྲོ་ཚུར་འོང་བྱེད། གསར་འགོད་པས་གཞུང་གཉེར་ཁེ་ལས་ཀྱི་ལས་མི་བསྡུ་གནས་སུ་མིས་ཁེངས་ཡོད་པ་དོ་སྣང་བྱུང་། རང་སོ་སོའི་རེ་བ་བཅངས་པའི་གླ་ཆ་དང་ལས་གནས་ཀྱི་ཁ་གྲངས་གཉིས་ནི་སློབ་ཐོན་སློབ་མས་འདམ་ཁ་བྱེད་པའི་རྒྱུ་རྐྱེན་གཙོ་བོར་གྱུར་ཡོད།

    ལོ་23ལ་སླེབས་པའི་མཚོ་མོས་ཞོགས་པ་སྔ་པོ་ནས་ལས་མི་བསྡུ་བའི་ས་ཡུལ་དངོས་སུ་བསྐྱོད་ནས་དགའ་པོ་ཡོད་ལ་རང་ལ་འཚམ་པའི་ལས་གནས་ཞིག་བཙལ་གྱི་འདུག ཧྭ་ཏུང་རང་བྱུང་བཟོ་སྐྲུན་རིག་པའི་སློབ་ཆེན་ནས་སློབ་ཐོན་བྱས་པའི་ཁོ་མོས་ཐོག་མར་ཀྲུང་གོ་བཟོ་སྐྲུན་ཅུས་དང་པོ་ཚོགས་པའི་ལས་མི་བསྡུ་གནས་སུ་འབྲེལ་ཡོད་ངོ་སྤྲོད་ཡིག་ཚགས་བརྒྱང་ཡོད། ཁོ་མོས་སློབ་གྲྭས་ཀྱང་ལས་མི་བསྡུ་བའི་འདུ་ཚོགས་མང་པོ་འཚོགས་སོང་། ཡིན་ནའང་ལས་ཀ་བྱེད་ས་མང་ཆེ་བ་ཤར་ཕྱོགས་ས་ཁུལ་ཡིན་པས་ཁྱིམ་དང་ཐག་རིང་པོ་འདུགདེར་བརྟེན་ཕ་ཡུལ་དུ་ལོག་ནས་གོ་སྐབས་བཙལ་རྒྱུའི་འདམ་ག་བྱས་པ་ཡིན་ཞེས་བཤད།

    དེ་ཉིན་ཕྱི་དྲོའི་ཆུ་ཚོད་5པ་བར།ཁྱོན་སློབ་ཐོན་སློབ་མ་8000ལྷག་ཙམ་ཐེངས་འདིའི་ལས་མི་བསྡུ་བའི་འདུ་ཚོགས་ནང་ཞུགས་ཡོད་པ་དང་། ས་ཡུལ་དངོས་སུ་ཐོ་འགོད་བྱེད་མཁན་མི་གྲངས་7700ལྷག་ཙམ་ཟིན་ཡོད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།
010020070840000000000000011100001368876161