བོད་ལྗོངས།
ཁ་ཏིས་གྲོང་ཚོའི་འཚོ་བ་གསར་པ།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། (ཞོལ་སྒྲོན) ཚེས་12ཉིན་གྱི་ཕྱི་དྲོ། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་རྫ་ཡུལ་སྨད་གྲོང་རྡལ་ཁ་ཏིས་གྲོང་ཚོར་གྲོང་མི་ཉི་མ་དོན་གྲུབ་ཀྱིས་རང་ཁྱིམ་གྱི་སྒོ་རའི་ནང་གི་ཀུ་ཤུའི་སྡོང་པོར་གཡོག་བྱེད་པ་དང་། མཚམས་རེར་ཉེ་འགྲམ་དུ་བཏབ་པའི་སུར་པན་དང་ཙོང་སོགས་ལ་ཆུ་རྒྱག་ཅིང་། བྲེལ་འཚུབ་ཀྱི་རྣམ་པའི་ཁྲོད་དུ་ལུས་སེམས་སྐྱིད་པའི་སྣང་བ་ཞིག་སྦྱིན།

    ཉི་མ་དོན་གྲུབ་ཀྱིས་རང་ཁྱིམ་གྱི་འདི་ལོ་ཐོན་པའི་ཇ་ལོ་སྟོན་པ། (ཟླ་5ཚེས་12ཉིན་པར་བླངས) ཤིན་ཧྭ་དྲ་བའི་ཞོལ་སྒྲོན་གྱིས་པར་བླངས།

    ཁ་ཏིས་གྲོང་ཚོ་ནི་གནས་སྤོས་དབུལ་སྐྱོར་གྲོང་ཚོ་ཞིག་ཡིན་ཞིང་། གྲོང་མི་རྣམས་ནི་དེ་སྔའི་ཚ་བ་རོང་ཤང་གི་ཁ་ཏིས་དང་སྤ་བུ་སོགས་གྲོང་ཚོ་10ནས་ཡིན་པ་དང་ཁྱོན་དུད་ཚང་48ཀྱི་མི་63ཡོད།

    ཁ་ཏིས་གྲོང་ཚོའི་ད་ལྟའི་ཏང་ཀྲི་པུའི་ཧྲུའུ་ཅི་སྐར་མས། དེ་སྔ་ང་ཚོ་འཚོ་སྡོད་བྱ་ཡུལ་ནི་རྒྱལ་མོ་རྔུལ་ཆུའི་སྐམ་ཚའི་གྲོག་རོང་ཁུལ་དུ་ཡིན་པ་དང་། རི་ཉིལ་བ་དང་འདམ་རྡོའི་ཆུ་རུད་སོགས་ས་གཤིས་ཀྱི་གནོད་འཚེ་ཡང་ཡང་ཐོན་གྱི་ཡོད་པས་ཆུ་ཁུངས་ཧ་ཅང་དཀོན། མ་ཟད་འགྲིམ་འགྲུལ་ཧ་ཅང་སྟབས་མི་བདེ་བས་ཆ་རྐྱེན་ཤིན་ཏུ་སྐྱོ་པོ་ཡོད་ཅེས་བརྗོད།

    “དེ་སྔ་ཚང་མ་ས་ཁང་ནང་སྡོད་པ་དང་སྒེའུ་ཁུང་ནི་པང་ལེབ་ཀྱིས་བཀག་གི་ཡོད་པས་ཤེལ་སྒོ་མེད། འགྲོ་ལམ་ཡག་པོ་མེད་པས་ཕྱོགས་གང་དུ་བསྐྱོད་ཀྱང་རྐང་ཐང་མར་འགྲོ་དགོས་ཀྱི་ཡོད། སློབ་གྲྭར་སྐྱོད་མཁན་གྱི་ཕྲུ་གུ་ཧ་ཅང་ཉུང་ཉུང་རེད། ཐ་ན་ནད་ཕོག་མཁན་ཡང་ཕྱིར་བསྐྱོད་ཁག་པོ་ཡོད”ཅེས་བརྗོད།

    ད་ཆ་ཁ་ཏིས་གྲོང་ཚོའི་ནང་གསར་དུ་བསྐྲུན་པའི་བོད་བཟོའི་སྡོད་ཁང་གྲལ་སྟར་འགྲིག་ཅིང་། རྒྱ་ཆེ་ལ་དཀར་ཆ་དོད་པ་དང་ཁྱིམ་ཆས་དང་ཁྱིམ་སྤྱོད་གློག་ཆས་ཆ་ཚང་བ། ཆུ་དང་གློག དྲ་བ་བཅས་ཚང་མ་ཁྱབ་ཡོད། ལྷག་པར་དུ་གཙང་ལ་འདྲོང་བའི་ཨར་འདམ་ལམ་ནི་ཁྱིམ་ཚང་ཚང་མའི་སྒོ་འགྲམ་དུ་ཤར་གཏོང་ཐུབ་ཡོད།

    ཁ་ཏིས་གྲོང་ཚོའི་སྡོད་ཁང་གསར་པ། (ཟླ་5ཚེས་12ཉིན་པར་བླངས) ཤིན་ཧྭ་དྲ་བའི་ཞོལ་སྒྲོན་གྱིས་པར་བླངས།

    “ད་ཆ་ལམ་བུ་བཟོས་ཟིན་པས་གང་དུ་འགྲོ་འདོད་ན་དེ་གར་འགྲོ་གི་ཡོད། ངའི་བུ་བདལ་གླ་རྒྱུག་གི་ཡོད་ཅིང་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་གསུམ་བཞི་ཙམ་ཡོང་གི་འདུག”ཅེས་ཉི་མ་དོན་གྲུབ་ཀྱིས་དགའ་སྤྲོའི་ངང་བརྗོད།

    “གྲོང་ཚོ་ཡོངས་སུ་ད་ཆ་རྨོ་ཞིང་མུའུ་173.6ཡོད་པའི་ནང་ཆུ་ཞིང་མུའུ་74.4དང་སྐམ་ཞིང་མུའུ་99.2 གཞན་ཡང་ཇ་ཞིང་མུའུ་206.8བཅས་ཡོད” ཅེས་སྐར་མས་བརྗོད་པ་དང་། “གྲོང་མི་ཚང་མ་ཁང་པ་གསར་པ་སྤོས་པ་དང་ས་ཞིང་གསར་པ་བཏབ་པ། ད་དུང་ཞིང་ལས་འདེབས་སྟངས་དང་ཇ་ལོ་བརྔོ་སྟངས། རྐོ་འདྲུའི་འཕྲུལ་འཁོར་དང་འདོན་འཇུག་འཕྲུལ་འཁོར་གཏོང་སྟངས། གཡོས་སྦྱོར་ལག་རྩལ་སོགས་རྩལ་ནུས་སྣ་ཚོགས་ཀྱི་ཕྱུག་འགྱུར་གསོ་སྦྱོང་བྱས་པས་འཚོ་བར་རེ་བ་ཁེངས་འདུག”ཅེས་བརྗོད།

    ཁ་ཏིས་གྲོང་ཚོ་ཧྲིལ་པོ་2018ལོར་ཁྱོན་ཡོངས་ནས་དབུལ་སྒྲོལ་ཐུབ་པ་དང་2020ལོར་སླེབས་སྐབས་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་12830ཟིན་ཏེ་སྤོ་ཐུབ་པ་དང་སྡོད་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་བྱུང་ཡོད། “གོམ་སྟབས་རྗེས་མར་ཇའི་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་བཏང་ནས་ཉེ་འཁོར་དུ་གླ་པར་སྐྱོད་མཁན་གྱི་གྲོང་མི་ཚང་མ་གྲོང་ཚོར་ཕྱིར་ལོག་ཐུབ་པ་བྱ་རྒྱུ་ཡིན། ཕྱིས་འབྱུང་གྲོང་ཚོ་སྔར་བས་ཕྱུག་པ་དང་གྲོང་མི་ཚང་མ་སྔར་བས་བདེ་སྐྱིད་ཡོང་ངེས་རེད”ཅེས་གྲོང་ཚོའི་ནང་གི་གྲོང་གསེབ་དར་རྒྱས་ཀྱི་ཆེད་ལས་ལས་བྱེད་པ་ཕུར་བུ་ཚེ་རིང་གིས་བརྗོད།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001399507941