གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ རང་ སྐྱོང་ ལྗོངས་ དང་ ཀོང་ ཏུང་ ཞིང་ ཆེན་ གྱིས་ ཁ་ གཏད་ བོད་ སྐྱོར་ ལས་ དོན་ གྱི་ བཞུགས་ མོལ་ ཚོགས་ འདུ་ འཚོགས་ པ།

 
2014-04-02        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཚེས་25ཉིན་གྱི་ཕྱི་དྲོ་བོད་རང་སྐྱོང་ལྗོངས་དང་ཀོང་ཏུང་ཞིང་ཆེན་གྱིས་བོད་ལྗོངས་དང་ཀོང་ཏུང་ཞིང་ཆེན་ལྗོངས་གཉིས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཉིང་ཁྲི་ས་ཁུལ་གྱི་བོད་སྐྱོར་ལས་དོན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་ཚུལ་གྱི་སྙན་ཞུ་ཉན་པ་དང་གོམ་སྟབས་རྗེས་མའི་བོད་སྐྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཞིབ་འཇུག་བཀོད་སྒྲིག་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་དང་། ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེང་ཀྲང་ཀྲུའུ་ཞའོ་ཏན་ཚོགས་འདུར་ཕེབས་ནས་གསུང་བཤད་ཀྱང་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་དུས་ཡུན་རིང་པོའི་ནང་ཀོང་ཏུང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་བོད་སྐྱོར་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་དོར་ཐབས་མེད་པའི་འགན་འཁྲི་ཞིག་ཏུ་བརྩིས་ནས་ཚད་མཐོའི་མཐོང་ཆེན་བྱས་པ་དང་ལས་ཀའི་བསམ་ཕྱོགས་གསར་པ་དང་། གཏོང་ཆ་གཏོང་ཤུགས་ཆེ་བ།ལས་བྱེད་པའི་དཔུང་ཁག་སྟོབས་ཆེ་བ་བཅས་ཡོད་པས་བོད་སྐྱོར་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ནས་ཉིང་ཁྲི་དང་ཐ་ན་ལྗོངས་ཡོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ངས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ཀོང་ཏུང་གིས་དུས་ཡུན་རིང་པོའི་ནང་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་ལ་དམིགས་བསལ་ཐུགས་ཁུར་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སྐོར་གླེང་སྐབས།ཡུལ་སྐོར་ལས་རིགས་ནི་ཉིང་ཁྲིའི་ཆེས་ལེགས་ཤོས་ཀྱི་དཔལ་འབྱོར་འཕར་གཞི་ཞིག་དང་། ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་ལེགས་སུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་རེད། ས་ཁུལ་གྱི་གོང་འོག་ཚང་མས་བསམ་བློར་སྔར་བས་བཅིངས་འགྲོལ་གཏོང་བ་དང་བསམ་ཕྱོགས་གསར་གཏོད་བྱས་ཏེ་ཁ་གཏད་བོད་སྐྱོར་དེ་རང་སྟོབས་རང་འཕེལ་དང་དཀའ་སྤྱད་འབད་འཐབ་དང་ཟུང་འབྲེལ་དེ་བས་ལེགས་པ་བྱས་ཐོགཡུལ་སྐོར་ཐོན་ལས་རྩེ་གྲ་ཆེ་རུ་དང་སྟོབས་ཆེར་གཏོང་བ་དང་། རང་ངོས་འཕེལ་རྒྱས་གཏོང་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་ཐོགཉིང་ཁྲིས་སྔོན་ལ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པའི་དམིགས་ཚད་མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་སྟེ། གཅིག་ནས་གནས་བབ་གཏན་འཁེལ་ཡང་དག་བྱས་ཏེ་ཉིང་ཁྲི་འདི་ཉིད་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གྱི་སྔོན་སྐྱོད་དཔེ་སྟོན་ཁུལ་དང་སྣོད་བཅུད་ཡུལ་སྐོར་ཁུལ་ཆེན་ཞིག་ལ་འཛུགས་སྐྲུན་བྱེད་དགོས་པ་དང་། གཉིས་ནས་འཆར་གཞི་སྔོན་ལ་བཀོད་དེ་འགོ་འཛུགས་ས་མཐོ་བ་དང་ཚད་གཞི་མཐོ་བའི་སྒོ་ནས་ས་ཁུལ་གྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་འཆར་འགོད་བཟོས་ཏེ་ལག་བསྟར་མཐར་ཕྱིན་བྱེད་དགོས་པ། གསུམ་ནས་བྱེད་སྟངས་གསར་གཏོད་ཀྱིས“ཀུང་སི་དང་། རྟེན་གཞི། ཞིང་དུད། དྲ་རྒྱ་བཅས་ཟུང་འབྲེལ”གྱི་ཡུལ་སྐོར་གཉེར་སྐྱོང་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པ། བཞི་ནས་ཕན་འབྲས་མཐོ་རུ་བཏང་སྟེ་ཡུལ་སྐོར་གྱི“གནད་ཆེ་དྲུག”འཐུས་སྒོ་ཚང་དུ་བཏང་ནས་ཡུལ་སྐོར་བར་ཟ་རྒྱུ་ལེགས་པ་དང་། སྡོད་རྒྱུ་ཡོད་པ། སྟབས་བདེ་བ། ལྟ་རྒྱུ་མང་བ། འཁྱེར་རྒྱུ་ཡོད་པ། མྱོང་ཚོར་ཐུབ་པ་བཅས་བྱེད་དགོས་པ། ལྔ་ནས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ས་ཆ་དེ་གའི་ཁྱད་ཆོས་ལྡན་པ་དང་དེང་རབས་ཀྱི་ཞབས་ཞུའི་རྩལ་ནུས་ཚང་བའི་ཡུལ་སྐོར་ཤེས་ལྡན་དཔུང་ཁག་བཏོད་ནས་དེང་གི་ཞིང་འབྲོག་པ་རྣམས་འབྱུང་འགྱུར་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཆེན་པོའི་མགྲིན་ཚབ་པ་དང་གཙོ་ཤུགས་དམག་ཏུ་འགྱུར་བ་བྱས་ནས་ཡུལ་སྐོར་ལས་ཕན་པ་དངོས་ཐོབ་པ་བྱེད་དགོས་པ་བཅས་རེད།

    ཀྲུའུ་ཞའོ་ཏན་གྱིས་མིག་སྔར་ཀོང་ཏུང་གི་བོད་སྐྱོར་ལས་དོན་གྱི་ལས་འགན་ལྕི་ལ་དུས་ཡུན་རིང་བས་གོམ་སྟབས་རྗེས་མར་ལས་དོན་ཁག་ངེས་པར་དུ་ཏན་ཏིག་སྒྲུབ་དགོས། བོད་སྐྱོར་ལས་དོན་དཔུང་ཁག་གིས་བསམ་བློ་དང་བྱ་སྤྱོད་དེ་བོད་སྐྱོར་ལས་དོན་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་དམངས་འཚོ་ལེགས་གཏོང་དང་དམངས་སེམས་འཐོབ་པ་བྱ་རྒྱུ་དེ་ཀོང་ཏུང་གི་བོད་སྐྱོར་ལས་ཀའི་ལས་འགན་གཙོ་གནད་ཅིག་ཏུ་བརྩི་བ།“སྣེ་འདྲེན་གཅིག་དང་ཕྱོགས་གཉིས་མཉམ་དུ་འཕེལ་རྒྱས་གཏོང་བའི”བོད་སྐྱོར་ལས་ཀའི་རྣམ་པ་གསར་པ་མུ་མཐུད་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། སྒྲིག་འཛུགས་མཐུན་སྦྱོར་ལམ་སྲོལ་དང་། མ་དངུལ་བེད་སྤྱོད་བཀོད་སྒྲིག་བྱེད་སྟངས། རྣམ་གྲངས་དང་མ་དངུལ་གྱི་དོ་དམ་ལམ་སྲོལ་བཅས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཀྱིས་འདི་ལོའི་བོད་སྐྱོར་ལས་དོན་ཁག་གི་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་སྤྱོད་ཚུལ་ལེགས་པོས་བོད་སྐྱོར་དཔུང་ཁག་གི་དམག་འཐབ་ནུས་པ་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།

    ཀྲུའུ་ཞའོ་ཏན་གྱིས་ཐོན་ལས་བོད་སྐྱོར་སྐོར་གླེང་སྐབས། བོད་ནི་འཛམ་གླིང་ཡུལ་སྐོར་བྱ་ཡུལ་དུ་བསྐྲུན་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་བླང་བྱ་གཞིར་བཟུང་། ས་ཆ་དེ་གའི་རང་བྱུང་ཆ་རྐྱེན་འཛོམས་པ་དང་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཉིང་ཁྲིའི་ཆེས་ལེགས་ཤོས་ཀྱི་དཔལ་འབྱོར་འཕར་གཞི་དེ་ཀོང་ཏུང་གི་ཐོན་ལས་བོད་སྐྱོར་ལས་དོན་གྱི་འཇུག་གཞི་བཟང་ཤོས་ལ་བརྩིས་ནས་ཡུལ་སྐོར་ཐོན་ལས་ཀྱི་བོད་སྐྱོར་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས།འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་འཆར་འགོད་དམ་ཉིང་ཁྲིའི་སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་འཆར་འགོད་དང་འབྲེལ་མཐུད་ཐུབ་པའི་ཡུལ་སྐོར་ཐོན་ལས་ཀྱི་བོད་སྐྱོར་འཆར་འགོད་ཅིག་གང་མགྱོགས་ཆགས་པར་བྱས་ནས“ཀུང་སི་དང་། རྟེན་གཞི། ཞིང་དུད། དྲ་རྒྱ་བཅས་ཟུང་འབྲེལ”འཕེལ་རྒྱས་ཤུགས་ཆེན་གཏོང་བའི་ཡུལ་སྐོར་ཐོན་ལས་ཀྱི་བོད་སྐྱོར་བྱེད་སྟངས་གསར་པ་ཞིག་ཞིབ་འཇུག་ནན་ཏན་བྱེད་དགོས། ཞིང་པའི་ཁྱིམ་ཚང་མགྲོན་ཁང་བསྐྲུན་རྒྱུར་རོགས་རམ་བྱེད་པའི་གྲངས་གཞིའི་མཛོད་བཙུགས་ནས་དམངས་གཉེར་ཡུལ་སྐོར་ཁེ་ལས་ཁག་གཅིག་ཉིང་ཁྲིའི་ཡུལ་སྐོར་འཕེལ་རྒྱས་ལ་ཞུགས་རྒྱུར་སྐུལ་སློང་བྱས་ཏེ་ས་ཆ་དེ་གའི་ཡུལ་སྐོར་ཁེ་ལས་དང་མཉམ་ལས་དམ་ཟབ་བྱེད་པ་དང་། ས་ཆ་དེ་གའི་ཡུལ་སྐོར་རྩལ་ནུས་ཤེས་ལྡན་མི་སྣ་གསོ་སྦྱོང་བྱ་རྒྱུ་སྒྲིག་འཛུགས་ནན་ཏན་བྱེད་པ། ཉིང་ཁྲིའི་ཡུལ་སྐོར་ཐོན་ཁུངས་དྲིལ་བསྒྲགས་མཚམས་སྦྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཉིང་ཁྲི་ས་ཁུལ་འདི་ཉིད་བོད་ཀྱིས་འཛམ་གླིང་ཡུལ་སྐོར་བྱ་ཡུལ་བསྐྲུན་རྒྱུའི་དཔེ་སྟོན་ཁུལ་དུ་བཏོད་ནས་ཀོང་ཏུང་གི་ཡུལ་སྐོར་ཐོན་ལས་ཀྱི་བོད་སྐྱོར་དུད་ཚང་ཁྲི་སྟོང་མང་པོར་གཞི་ཚུགས་རྒྱུར་སྐུལ་འདེད་བཏང་སྟེ་བོད་ཀྱི་ཞིང་འབྲོག་པས་ཐད་ཀར་ཞུགས་པ་དང་ཐད་ཀར་ཕན་པ་ཐོབ་པར་བྱས་ནས་བོད་སྐྱོར་ལས་དོན་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001332324431