བོད་ལྗོངས།
“དགུང་སྔོན་དཔྱིད་ཐེའུ་ཡི་བུ་མོ་ཆུང་ཆུང”ཚོའི་དམིགས་བསལ་གྱི་ཐུག་འཕྲད་ཅིག

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲོའུ་ཅིན་ཧྲོའེ་དང་ཧོ་ཅེ།

    “བཀའ་དྲིན་ཞུ་རྒྱུ་ལས་གཞན་ཅི་ཡང་མེད” ལོ་31ལ་སོན་པའི་མཁའ་དམག་གི་པུའུ་ཞིག་གི་དམག་དཔོན་ཡུས་སྒྲོལ་མ་མགྲིན་པ་བརྣངས་བཞིན་ཀྲོང་ངེར་ལངས་ནས་དམག་མིའི་གུས་འདུད་ཚད་དང་ལྡན་པ་ཞིག་ཞུས་པ་དང་། མཁའ་དམག་གི་བོད་སྡོད་པུའུ་ཞིག་གི་བུད་མེད་དམག་མིའི་བྱེད་སྒོ་ཁང་ཆུང་ཆུང་དེར་ཐལ་མོ་རྡེབ་སྒྲས་ཁེངས།

    ཟླ་11ཚེས་11ཉིན་ནི་མི་དམངས་མཁའ་དམག་བཙུགས་ནས་ལོ་ངོ་70འཁོར་བའི་དྲན་གསོའི་ཉིན་མོ་རེད། རྒྱལ་མཚན་དབང་མོ་དང་མཉམ་དུ་མཁའ་དམག་གི་དམག་སྒར་དུ་ལྟ་སྐོར་ལ་གདན་འདྲེན་ཞུས་པ་བོད་རིགས་ཀྱི་སློབ་ཆེན་སློབ་མ་བུ་མོ་5ཡོད་པ་རེད། ཁོང་ཚོ་ཚང་མ་ཡུས་སྒྲོལ་མ་དང་འདྲ་བར་བོད་ཀྱི“དགུང་སྔོན་དཔྱིད་ཐེའུ་བུ་མོ”ཡིན་པ་རེད།

    ལོ་24ཡི་གོང་དུ། ལོ་6ལ་སོན་པའི་ཡུས་སྒྲོལ་མ་ནི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གི་ཨ་ནེས་གསོས་པའི་དྭ་ཕྲུག་ཅིག་ཡིན་པ་རེད། ས་གནས་དེ་གའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁོང་གི་ཨ་ཁུ་དང་ཨ་ནེ་བཙལ་ནས། ལོ་ཚོད་ལོན་པའི་བུ་མོ་སྒྲོལ་མ་སློབ་ཡོན་སྤྲོད་མི་དགོས་པར་འདམ་གཞུང་རྫོང་ལུང་རིང་ཤང་གི“དཔྱིད་ཀྱི་ཐེའུ་བུ་མོའི་འཛིན་གྲྭར”བཏང་།

    “སྐབས་དེར་ང་ལོ་ན་ཆུང་སྟབས་སློབ་གྲྭར་བསྐྱོད་ཐུབ་པས་དགའ་ཐག་ཆོད་པ་ལས་གཞན་ཅི་ཡང་ཤེས་ཀྱི་མི་འདུག”“སློབ་གྲྭར་བསྐྱོད་དེ་ཡུན་རིང་མ་འགོར་བར། དམག་ལྭ་གྱོན་པའི་ཨ་ཁུ་མང་པོ་ང་ཚོར་ལྟ་རུ་བསླེབས་བྱུང་། དེ་དག་ཁྲོད་ཀྱི་ཨ་ཁུ་གཅིག་གིས་ད་དུང་ང་པང་དུ་བླངས་ནས་སྒོར་100སྤྲད་བྱུང་། དེ་ནས་ང་ཚོར་རོགས་རམ་བྱེད་མཁན་བཅིངས་འགྲོལ་དམག་མི་ཡིན་པ་གཞི་ནས་རྟོགས་བྱུང”ཞེས་ཡུས་སྒྲོལ་མས་འཚེར་སྣང་དང་བཅས་ཏེ་བརྗོད།

    2012ལོ་ནས་བཟུང་། བོད་དུ་རྒྱལ་ཡོངས་ཀྱི་སྔོན་ལ་བུ་བཅོལ་ཁང་ནས་མཐོ་འབྲིང་བར་གྱི་ལོ་བཅོ་ལྔའི་རིན་མེད་སློབ་གསོ་མངོན་འགྱུར་བྱུང་བ་དང་། ལོ་དེ་ནས་བཟུང་། “དགུང་སྔོན་དཔྱིད་ཐེའུ་འཆར་གཞིའི”རོགས་སྐྱོར་ལྟེ་བ་ཡང་ན་ཆུང་བུ་མོ་ནས་མཐོ་འབྲིང་དང་སློབ་ཆེན་དུས་མཚམས་ཀྱི་ཁྱིམ་ཚང་དཀའ་ངལ་ཅན་གྱི་སློབ་མ་བུ་མོར་ཕྱོགས་པ་རེད།

    2014ལོར“དགུང་སྔོན་དཔྱིད་ཐེའུ་འཆར་གཞི”རོགས་སྐྱོར་དང་ལེན་བྱེད་སྐབས། རྒྱལ་མཚན་དབང་མོ་མཐོ་འབྲིང་ལོ་རིམ་དང་པོར་སློབ་སྦྱོང་བྱེད་བཞིན་ཡོད། ལོ་རེའི་རོགས་སྐྱོར་དངུལ་སྒོར་1200ཡིས་དེབ་རིན་དང་འཚོ་བའི་འགྲོ་གྲོན་ཁ་གསབ་ཐུབ་པས། དེས་ཁ་ཚ་དགོས་གཏུག་གི་དཀའ་ངལ་སེལ་ཐུབ་ཀྱི་ཡོད། དེ་རྗེས་ཁོ་མོ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་བོད་ཀྱི་གསོ་བ་རིག་པའི་ཆེད་ལས་ལ་རྒྱུགས་འཕྲོད།

    ཉིན་ཤས་གོང་། རྒྱལ་མཚན་དབང་མོར་མཁའ་དམག་གི་དམག་སྒར་ལ་ལྟ་སྐོར་དུ་ཡོང་རྒྱུའི་བརྡ་ཐོ་འབྱོར་བ་དང་རང་ཉིད་ལ་ད་བར་རོགས་སྐྱོར་བྱེད་མཁན་གྱི་མི་རྣམས་འཕྲད་ཀྱི་ཡོད་པ་ཤེས་སྐབས་དགའ་ཚོར་ཆེན་པོ་བྱུང་། “ངས་གཏམ་བཤད་ཡི་གེ་འབྲི་གིན་འབྲི་གིན་དུ་མིག་ཆུ་ཤོར་བྱུང”ཞེས་རྒྱལ་མཚན་དབང་མོས་བརྗོད།

    2011ལོར་སློབ་ཆེན་རིང་སྦྱང་འབྲས་ཕུལ་བྱུང་ཐོབ་པའི་ཡུས་སྒྲོལ་མ་མཁའ་དམག་དཔུང་སྡེར་དམིགས་བསལ་ངང་བསྡུས་ནས་གཟི་བརྗིད་ལྡན་པའི་བཅིངས་འགྲོལ་དམག་གི་འཐབ་འཛིང་པར་གྱུར་པས། “ཆེན་པོ་ཆགས་རྗེས་ང་ཁྱེད་ལ་གྱུར”ཞེས་པའི་གཏམ་རྒྱུད་དེ་ལོ་བཅུ་གྲངས་འདས་རྗེས་དོན་དངོས་སུ་གྱུར།

    ཡུས་སྒྲོལ་མས་རོགས་སྐྱོར་དངུལ་ཐོག་མར་བླངས་པའི་1995ལོ་ནས་རྒྱལ་མཚན་དབང་མོས་རོགས་སྐྱོར་དངུལ་ལེན་པའི་2014ལོའི་བར་ལོ་20ཙམ་འདས་ཡོད། “དགུང་སྔོན་དཔྱིད་ཐེའུ་བུ་མོ”མི་རབས་གཉིས་ཐོག་མཐའ་བར་གསུམ་དུ་ཁོང་ཚོར་རོགས་སྐྱོར་བྱེད་བཞིན་པའི་མཁའ་དམག་གི་དམག་སྒར་ནང་ཐུག་འཕྲད་བྱུང་ནས། སོ་སོའི་གཏམ་རྒྱུད་བརྗོད་པས་དེར་ཡོད་པའི་མི་ཚང་མར་སེམས་འགུལ་ཆེན་པོ་ཐེབས།

    “མཁའ་དམག་གི་ཨ་ཁུ་ཚོས་ངར་རོགས་རམ་བྱེད་ཀྱི་ཡོད་པ་ངས་སྔ་ས་ནས་ཤེས་ཀྱི་ཡོད། འོན་ཀྱང་ད་རེས་ང་དམག་སྒར་དུ་ཡོང་ཐེངས་དང་པོ་ཡིན། སློབ་གྲྭ་ཐོན་རྗེས་ངས་རང་ཉིད་ཀྱིས་སྦྱངས་པའི་ཤེས་བྱར་བརྟེན་ནས་བོད་རིགས་ས་ཁུལ་གྱི་མང་ཚོགས་ལ་ཞབས་འདེགས་ཞུས་ཏེ་བཅིངས་འགྲོལ་དམག་གི་ཨུ་ཁུ་ཚོས་ངར་གནང་བའི་དྲོ་སྐྱིད་རྣམས་བརྒྱུད་སྤྲོད་བྱེད་རྒྱུ་ཡིན”ཞེས་རྒྱལ་མཚན་དབང་མོས་བརྗོད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001385748571