བོད་ལྗོངས།
བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པ་ཁག་19པས་གྲོང་ཚོར་ཆ་སྒྲིག་གི་བྱེད་སྒོ་སྤེལ་བ།

    གྲོང་གསེབ་འཕེལ་རྒྱས་ལ་རང་ནུས་གང་ཡོད་བཏོན་པ།

    བོད་རང་སྐྱོང་ལྗོངས་འགོ་ཁྲིད་ཀྱི་མཛུབ་ཁྲིད་བླང་བྱ་གཞིར་བཟུང་། འབུམ་རམས་པ་ཚོགས་པའི་ཞིང་འབྲོག་ལག་རྩལ་དང་ཀྲུང་ལུགས་གསོ་རིག་སོགས་ཁྱབ་ཁོངས་ཀྱི་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱ་ཆེད། ཚེས་16ཉིན་གྱི་སྔ་དྲོ། ཀྲུང་དབྱང་རྩ་འཛུགས་པུའུ་སྡེ་ཚོགས་ཀྲུང་དབྱང་གི་བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པ་ཁག་19པས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་དར་རྒྱས་ཤང་དར་རྒྱས་གྲོང་ཚོར་ཆ་སྒྲིག་གི་བྱེད་སྒོ་དང་པོ་སྤེལ་བ་རེད།

    འབུམ་རམས་པའི་ཚོགས་པས་ས་ཆ་དངོས་སུ་སློབ་སྐྱོར་བྱ་དགའི་ཐེབས་རྩ་དང་། རྩྭ་སོན། ནས་སོན། ཕྱུགས་ལས་གཟན་ཆག ཆེད་ལས་དེབ་བཅས་ཞལ་འདེབས་བརྒྱབ་པ་དང་། 《དེང་རབས་ནགས་ལས་ལྗང་གསོའི་ལག་རྩལ》དང་། 《ནས་ཐོན་མཐོའི་འདེབས་གསོའི་ལག་རྩལ》 《གཟན་རྩྭ་འདེབས་འཛུགས་དང་ཐོན་འབབ་ལས་སྣོན་ལག་རྩལ》བཅས་ཀྱི་ནང་དོན་འཆད་ཁྲིད་བྱས་པ་དང་འབྲེལ་འོས་འགན་སྨན་བཅོས་ཀྱང་བྱས་པ་རེད།

    “ད་རེས་ཀྱི་བྱེད་སྒོ་ནི་འགོ་ཚུགས་པ་ཙམ་ཡིན་པ་དང་། གོམ་སྟབས་རྗེས་མའི་ལས་དོན་ཁྲོད། འབུམ་རམས་པའི་ཞབས་ཞུ་ཚོགས་པ་ཁག་19པས་ཞིང་འབྲོག་ཆུ་བེད་དང་སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་ཆེད་ལས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། དར་རྒྱས་གྲོང་ཚོའི་དོན་དངོས་ལ་དམིགས་ནས་གྲོང་ཚོ་རང་ལ་འཚམ་པའི་ཆ་སྒྲིག་རོགས་སྐྱོར་གྱི་ཇུས་གཞི་བཟོ་བ་དང་། ཡུན་རིང་གི་རོགས་སྐྱོར་ལམ་སྲོལ་འཛུགས་པ། དབུལ་སྐྱོར་ཐོན་ལས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ་རོགས་སྐྱོར་ཕན་འབྲས་རྒྱུན་མཐུད་ཡོང་བའི་འགན་ལེན་བྱས་ཏེ་ཞིབ་བཤེར་ཐེག་ཐུབ་པ་བྱེད་རྒྱུ་ཡིན”ཞེས་བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་བོད་སྐྱོར་ལས་བྱེད་ཤེས་ལྡན་པ་ཁག་དགུ་པའི་སྤྱི་ཁྱབ་སྣེ་ཁྲིད་པ་ཀྲོའུ་ཐའོ་ཡིས་གསུངས་པ་རེད།

    དར་རྒྱས་གྲོང་ཚོའི་གྲོང་མི་ཚོས་འབུམ་རམས་པའི་ཚོགས་པས་རོགས་སྐྱོར་ཤུགས་ཆེན་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་། ད་རེས་ཀྱི་བྱེད་སྒོ་ལས་ཕན་པ་ཆེན་པོ་ཐོབ་པས་དེང་རབས་ཚན་རིག་ལག་རྩལ་དང་ཤེས་བྱར་བརྟེན་ནས་གྲོང་ཚོའི་ཐོན་ལས་འཕེལ་རྒྱས་ཇེ་ལེགས་སུ་འགྲོ་རྒྱུ་དང་འཚོ་བ་ཇེ་ལེགས་སུ་འགྲོ་ཐུབ་ངེས་ཡིན་པས། འབུམ་རམས་པའི་ཚོགས་པས་བྱེད་སྒོ་འདི་རིགས་མང་ཙམ་སྤེལ་རྒྱུའི་རེ་བ་ཡོད་ཅེས་གཅིག་མཇུག་གཉིས་མཐུད་ངང་བཤད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001386427851