བོད་ལྗོངས།
ལྷག་བསམ་དང་འགན་འཁྲི་ས་མཐོའི་ས་གཞི་ཆེ་མོའི་ཐོག་མངོན་པར་བྱས་པ།

    —— དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བོད་དུ་གྲུབ་འབྲས་ཐོབ་པའི་སྒོ་ནས་ལག་བསྟར་བྱས་པའི་སྐོར་གྱི་སྒྲིལ་གླེང་བརྒྱད་པ།

    འདི་ནི་བོད་སྐྱོར་སྨན་པ་ཅང་ཡུང(གཡས་ཀྱི་དང་པོ)དང་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་སྨན་པས་ལས་སྒོ་སྤེལ་རེས་བྱེད་བཞིན་པ།

    ལོ་26གོང་རྒྱལ་ཡོངས་ཀྱིས་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་འགོ་ཚུགས་པ་དང་། བོད་སྐྱོར་ལས་བྱེད་པ་ཁག་དང་ཁག་གིས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”རྒྱུན་འཛིན་བྱས་ནས་སྔ་རྗེས་སུ་གངས་ལྗོངས་ས་མཐོར་བསྐྱོད་དེ་སེམས་ཤུགས་ཆེན་པོ་དང་ཐ་ན་རིན་ཐང་བྲལ་བའི་ཚེ་སྲོག་བློས་བཏང་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཏེ་ལྷག་བསམ་དང་འགན་འཁྲི་ས་མཐོའི་ས་གཞི་ཆེ་མོའི་ཐོག་མངོན་པར་བྱས་ཡོད།

    ཏང་ཀྲུང་དབྱང་གིས་ཁ་གཏད་བོད་སྐྱོར་གྱི་ཁ་ཕྱོགས་སྟངས་འཛིན་གནང་བ།

    ཏང་ཀྲུང་དབྱང་གིས་སྔར་ནས་བཟུང་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད་པ་དང་1984ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པའི་ཐོག་པེ་ཅིང་དང་ཧྲང་ཧའེ་སོགས་ཞིང་ཆེན་དང་གྲོང་ཁྱེར་9དང་དེ་སྔའི་ཆུ་གློག་པུའུ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་བོད་ལ་ཁ་ཚ་དགོས་གཏུགས་ཀྱི་ལས་གྲྭའི་རྣམ་གྲངས་འབྲིང་ཆུང་43བསྐྲུན་རོགས་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

    1994ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ་དང“ཁག་བགོས་འགན་འཁུར་དང་། ཁ་གཏད་རོགས་སྐྱོར། དུས་བཀག་བརྗེ་རེས”བཅས་ཀྱི་བོད་སྐྱོར་མཛད་ཕྱོགས་དང“ཡུན་རིང་རོགས་སྐྱོར་དང་རང་འགུལ་བརྗེ་རེས”ཀྱི་ལས་བྱེད་པའི་རོགས་སྐྱོར་བྱེད་སྟངས་བཏོན་ཡོད། དེ་ནས་བཟུང་ཀྲུང་དབྱང་དང་རྒྱལ་ཡོངས་ཀྱི་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཡུན་རིང་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལོ་རྒྱུས་ཀྱི་ལམ་བུ་འགོ་ཚུགས་ཡོད། ཁ་གཏད་བོད་སྐྱོར་གྱི་ལམ་སྲོལ་བཙུགས་པ་དེ་ནི་ཀྲུང་དབྱང་གིས་བོད་ལ་རྒྱབ་སྐྱོར་བྱེད་པའི་གསར་གཏོད་ཅིག་ཡིན་ལ། དེའི་ནང་ཀྲུང་ཧྭ་མི་རིགས་ཀྱིས་ཕན་ཚུན་ལྟ་སྐྱོང་དང་སྤུན་ཉེ་འཆམ་མཐུན་གྱི་བརྩེ་བ་ཟབ་མོ་འདུས་ཡོད།

    2015ལོ་དང་2016ལོར། སྨན་བཅོས་ཤེས་ལྡན་མི་སྣ་དང་སློབ་གསོའི་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ཡང་སྔ་རྗེས་སུ་སྤེལ་ནས་བོད་སྐྱོར་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ཡོད།

    ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཚུན། ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་འོག ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པས་རང་ལྗོངས་འདི་ཉིད་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་མགྱོགས་ཤོས་དང་ཡག་ཤོས་དང་མི་དམངས་ལ་དངོས་ཕན་ཐོབ་མང་ཤོས་ཀྱི་དུས་སྐབས་སུ་སླེབས་ནས་སྤྱི་ཚོགས་ཚད་མཐོའི་བརྟན་ལྷིང་དང་ཞི་མཐུན་བྱུང་བ་དང་། སྣོད་བཅུད་ཤེས་དཔལ་རྒྱུན་མཐུད་ལེགས་སུ་ཕྱིན་པ། དཔལ་འབྱོར་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ། རྨང་གཞིའི་སྒྲིག་བཀོད་ལ་ཕྱོགས་ཡོངས་དང་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ། གནད་སྨིན་དབུལ་སྒྲོལ་སྔ་སྣུར་དུ་ཚད་གཞི་མཐོ་པོས་ལེགས་གྲུབ་བྱུང་བ། མི་དམངས་ཀྱི་འཚོ་བ་འབྱོར་ཕྱུག་བརྟན་ལྷིང་བཅས་བྱུང་ཡོད།

    ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གིས་བོད་ལ་རྒྱབ་སྐྱོར་དང་རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་འཛིན་པའི་སྲིད་ཇུས་ཤིག་རེད། ངེས་པར་དུ་ཡུན་རིང་མཐའ་འཁྱོངས་དང་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱས་ཏེ་བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས་ཞེས་སླར་ཡང་ནན་བཤད་གནང་ཡོད། དེས་དུས་རབས་གསར་པའི་ཁ་གཏད་རོགས་སྐྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

    བྱ་སྤྱོད་དངོས་ལ་བརྟེན་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་དངོས་ཕན་བསྐྲུན་པ།

    2016ལོ་ནས་བཟུང་། ཀྲུང་དབྱང་རྩ་འཛུགས་པུའུ་དང་མི་སྤྱི་པུའུ་སོགས་སྡེ་ཚན་གྱིས་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་གཏིང་ཟབ་སྤེལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། རོགས་སྐྱོར་ལས་འགན་འཁུར་མཁན་ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་དང་། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལ་སྣང་ཆེན་དང་། སྤྱི་ཡོངས་ལ་ལྟ་རྟོག ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་བཅས་བྱས་ནས་སྒྲིག་འཛུགས་ཞིབ་ཚགས་དང་ཚད་གཞི་མཐོ་པོས་སྐུལ་འདེད་བཏང་བས་བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་དང་ཡར་ཐོན་ལ་སྐུལ་མ་ཆེན་པོ་ཐེབས་ཡོད།

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་བོད་ཀྱི་ལས་བྱེད་པ་དང་ཤེས་ལྡན་པའི་དཔུང་ཁག་གི་གྲུབ་ཆ་གལ་ཆེན་ཞིག་ཏུ་བརྩིས་ནས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།

    2019ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག་གསར་འགོད་པའི་དྲི་བར་དམིགས་ཏེ་རང་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་ཚོས“ད་ཆའི་བོད་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་དང་ཁ་འབྲལ་ཐབས་མེད”ཅེས་ཁ་ཞེ་གཉིས་མེད་ངང་བཤད།

    དཀྱིལ་ཐང་གྲོང་རྡལ་ཀོང་ཏུང་གྲོང་གསར་ནི་དཀྱིལ་ཐང་ཁྱད་ལྡན་གྲོང་རྡལ་ཆུང་གྲས་ཀྱི་ཤར་ཕྱོགས་སུ་གནས་ཡོད། རྒྱལ་ལམ་G214དང་ཐག་ཉེ་པོ་ཡོད་པས་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་པོ་ཡོད། 2016ལོའི་ཟླ་4པར་ཀོང་ཏུང་ཞིང་ཆེན་གྱི་ཤུགས་ཆེའི་རྒྱབ་སྐྱོར་འོག ཁྱོན་མ་དངུལ་སྒོར་ཁྲི་4248.87(དེའི་ནང་ཀོང་ཏུང་གི་བོད་སྐྱོར་མ་དངུལ་སྒོར་ཁྲི་2900ཡོད་པ)བཏང་བའི་ཀོང་ཏུང་གི་གྲོང་གསར་སྐྲུན་འགོ་ཚུགས་པ་དང་2016ལོའི་ཟླ་11པར་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ་རེད།

    ཉེ་བའི་ལོ་ཤས་རིང་། ཀོང་ཏུང་ཞིང་ཆེན་དང་འདྲ་བར་རོགས་སྐྱོར་ལས་འགན་འཁུར་བའི་ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་དང་། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་ཁ་གཏད་རོགས་སྐྱོར་ལས་དོན་ཁྲོད་མ་དངུལ་འབོར་ཆེན་བཏང་ནས། བོད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་པར་རྒྱབ་སྐྱོར་དང་། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་པ། དམངས་འཚོའི་དཀའ་གནད་སེལ་བ། རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བ་བཅས་བྱས་པས། ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི“འཇུར་མིག”ནུས་ལྡན་ངང་བསལ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།

    གྲངས་གཞི་ལས་མངོན་པར། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་དང་། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་ཉེ་བའི་ལོ་ལྔའི་རིང་བོད་སྐྱོར་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་143ལྷག་ཙམ་བཏང་སྟེ་བོད་སྐྱོར་དབུལ་སྐྱོར་རྣམ་གྲངས་1800ལྷག་ཙམ་ལག་བསྟར་བྱས་པ་དང་། ནང་སའི་རྫོང་དང་ཆུས་284ཡིས་བོད་ཀྱི་རྫོང་དང་ཆུས་དང་ཤང་དང་གྲོང་རྡལ་དང་ཆ་སྒྲིག་རོགས་སྐྱོར་གྱི་འབྲེལ་བ་འཛུགས་རྒྱུར་སྐུལ་འདེད་བཏང་བ། མང་ཚོགས་ཁྲི་23ལྷག་ཙམ་དབུལ་སྒྲོལ་ཐུབ་རྒྱུར་རོགས་རམ་བྱས་ཏེ་བོད་ཀྱིས་དམངས་འཚོ་ལེགས་སུ་གཏོང་བ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་ཕྱོགས་ཡོངས་ནས་རམ་འདེགས་བྱས་ཡོད།

    “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་བཏང་ནས་བརྩེ་སེམས་ས་མཐོར་བཅངས་པ།

    ཁ་གཏད་བོད་སྐྱོར་ལས་དོན་སྤེལ་ཚུན། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཁག་མང་པོས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཁོང་ཚོའི་ལྷག་བསམ་དང་། དངོས་སྒྲུབ། སྒེར་སེམས་མེད་པ་བཅས་ལ་བརྟེན་ནས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་དངོས་ཕན་བསྐྲུན་པ་དང་འགྱུར་ལྡོག་བཏང་ཡོད། ཁོང་ཚོ་དང་བོད་ཀྱི་མི་དམངས་དབར་ཉ་ཆུ་ལྟ་བུའི་བརྩེ་དུང་ཟབ་མོ་ཆགས་པ་དང་འདི་གར་ནམ་ཡང་གནས་པའི་དཔུང་ཁག་མང་པོ་བཙུགས་ཡོད།

    ན་ནིང་ཟླ་6པར། ཀོང་ཀྲོའུ་ནས་ཡིན་པའི་ཧོང་མོང་ཧྭ་དང་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་དགེ་རྒན་གཞན་དག་19ཉིང་ཁྲིའི་སློབ་འབྲིང་དང་པོར་ཡོང་ནས་དུས་ཡུན་ལོ་གསུམ་གྱི་བོད་སྐྱོར་ལས་དོན་སྤེལ་འགོ་ཚུགས་པ་རེད། ཞོགས་པའི་ཆུ་ཚོད་6པ་ནས་ཉལ་ཁང་ལ་ཞིབ་བཤེར་མ་ཚར་བར་གྱི་དགོང་མོའི་ཆུ་ཚོད་10པ་ལྷག་ཙམ་བར་ངལ་གསོ་རྒྱག་རྒྱུ་མ་བྱུང་ཡང་ཧོང་མེང་ཧྭ་ལ་དཀའ་སྡུག་ཀྱི་སྣང་བ་མེད་པར་དེ་བས་ལས་ཀར་སྤྲོ་སེམས་ཆེན་པོ་འཕེལ། ཁོ་མོས“འདི་གར་མི་ཚང་མ་ཁྱིམ་ཚང་གཅིག་ལྟར་ཡིན་པས་ང་རང་བོད་སྐྱོར་བྱེད་མཁན་མིན་པར་ཉིང་ཁྲིར་གཉེན་ཉེ་ཐུག་པར་ཡོང་བའི་ཚོར་སྣང་ཞིག་འདུག”ཅེས་བཤད།

    བསམ་སྐྱིད་ལྷ་མོ་ནི་ཧོང་མོང་ཧྭ་ཡིས་ཆ་སྒྲིག་མཛུབ་ཁྲིད་བྱེད་པའི་ས་གནས་འདི་གའི་དགེ་རྒན་ཞིག་རེད། སྔོན་ཐོན་གྱི་སློབ་ཁྲིད་ཉམས་མྱོང་སློབ་སྦྱོང་བྱ་ཆེད་ཁོང་གིས་ཧོང་མོང་ཧྭ་སོགས་བོད་སྐྱོར་དགེ་རྒན་གྱི་སློབ་ཚན་ལ་ཟུར་ཉན་ཐེངས་མང་བྱས། “བོད་སྐྱོར་དགེ་རྒན་གྱི་ཤུགས་རྐྱེན་འོག་ངའི་སློབ་ཁྲིད་བྱེད་སྟངས་ལ་འགྱུར་ལྡོག་ཆེན་པོ་ཕྱིན་སོང་སྙམ་གྱི་འདུག ད་ལྟ་ངས་སློབ་མའི་ཧུར་སེམས་དང་གསར་གཏོད་རང་བཞིན་འཕེལ་བར་མཐོང་ཆེན་བྱེད་ཀྱི་ཡོད། སློབ་ཁང་དུ་སློབ་མར་རང་ཚུགས་ཀྱིས་བསམ་གཞིག་བྱེད་པའི་བར་མཐོངས་ཤིག་བཞག་ཡོད”ཅེས་བསམ་སྐྱིད་ལྷ་མོས་མྱོང་ཚོར་ཟབ་མོའི་ངང་བཤད།

    བོད་སྐྱོར་གྱིས་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ལེགས་སྐྱེས་གལ་ཆེན་ཕུལ་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སེམས་ནང་ཉམས་པ་མེད་པའི་མཛད་རྗེས་རྡོ་རིང་ཞིག་བཙུགས་ཡོད། དེ་དང་ཆབས་ཅིག བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་སེམས་མཐུན་ངང་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པའི་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུའི་ཐོག་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས་པའི་ལྕག་སྐུལ་བྱས་པ་ཞིག་ཀྱང་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001393421761