བོད་ལྗོངས།
ཐོན་ལས་བོད་སྐྱོར་ལ་བརྟེན་ནས་དབུལ་རྩ་དྲུངས་ནས་བྱིན་པ་དང་བསམ་ཕྱོགས་གསར་པར་བརྟེན་ནས་དབུལ་སྒྲོལ་གྱི་སྒུལ་ཤུགས་གསར་པ་འཕེལ་བར་བྱས་པ།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཐེན་ཅན་ཁྲོན་དང་ལེའུ་ཧུང་མིང་།

    སྟོན་འགོར་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གི་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཡོད། བར་ལུང་གཙང་པོའི་འགྲམ་ངོགས་སུ་ཚང་ཚིང་ལྗོན་ཤིང་གིས་བརྒྱན་པ་དང་། རབ་དཀར་ཁ་བས“འཁྱགས་རོམ་གྱི་ཡུལ་གྲུ”དེའི་རི་ཚོགས་ཀྱི་རྩེ་མོ་དཀར་ཆིལ་ལེར་བསྒྱུར་འདུག སྤོ་བོ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ཀོང་ཀྲོའུ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་སྤོ་བོ་རྫོང་ཏང་ཨུད་དང་སྲིད་གཞུང་ལ་གཞོགས་འདེགས་དམ་ཟབ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་བསམ་ཕྱོགས་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་འཕེལ་བར་བྱས་པ་རེད།

    སྤོ་བོ་ནི་བོད་ཀྱི་སྡོང་ཕུང་སྐྱེ་ས་ཡིན་པས“སྤོ་བོའི་སྡོང་ཕུང”ལ་2010ལོ་ནས་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ཀྱི་སྲུང་སྐྱོང་ཁས་ལེན་ཐོབ་ཡོད། ཀོང་ཏུང་ཞིང་ཆེན་གྱི་ཁག་དགུ་པའི་བོད་སྐྱོར་ལས་དོན་རུ་ཁག་སྤོ་བོ་ལས་དོན་ཚོགས་ཆུང་2019ལོའི་ཟླ་6པར་བོད་ལ་འབྱོར་རྗེས་འཕྲལ་མར་ཟླ་བ་གསུམ་གྱི་རིང་ཐོན་ལས་ཀྱི་རྟོག་ཞིབ་བྱས་ཤིང་། ཡུན་ནན་གྱི་ཀྲའོ་ཐུང་ནི་རྒྱལ་ཡོངས་ཀྱི་སྡོང་ཕུང་ཐོན་སྐྱེད་བྱ་ཡུལ་དང་བསྡུ་འགྲེམས་བྱ་ཡུལ་ཆེ་ཤོས་ཡིན་པ་དང་། ཀོང་ཀྲོའུ་གྲོང་ཁྱེར་བོད་སྐྱོར་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་ཙོའུ་ཡུང་ཀང་གིས་རུ་སྣེ་ཁྲིད་ནས་ཀྲའོ་ཐུང་གྲོང་ཁྱེར་དུ་བརྟག་ཞིབ་བྱས་ཏེ་ཚོང་འགུགས་བྱས་པ་རེད།

    བོད་ལྗོངས་སྤོ་བོ་ས་མཐོའི་སྡོང་ཕུང་ཐོན་ལས་གསར་སྤེལ་ཚད་ཡོད་ཀུང་སི་དེ་འཕྲལ་མར་སྤོ་བོ་རྫོང་དུ་ཐོ་འགོད་བྱས་ཤིང་། ཀུང་སིས་ལྷོ་ནུབ་ནགས་ལས་སློབ་ཆེན་དང་ཀྲུང་གོ་ཚན་རིག་ཁང་ཁུན་མིང་རྩི་ཤིང་ཞིབ་འཇུག་ཁང་གི་ལག་རྩལ་གྱི་འདེགས་སྐྱོར་ལ་བརྟེན་ནས“ཀུང་སི+ཚན་ཞིབ+ཁྲོམ་ར+ཆེད་ལས་མཉམ་ལས་ཁང+ཆེད་ལས་འདེབས་འཛུགས་དུད་ཚང”ཐོན་སྐྱེད་བྱེད་སྟངས་སུ་བྱས་ཏེ་2022ལོར་སླེབས་སྐབས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་1གཏོང་རྩིས་ཡོད་པ་དང་། ལོ་ལྟར་སྡོང་ཕུང་མུའུ་500བཏབ་ན་སྔོན་དཔག་བྱས་ཚེ་ལོ་གསུམ་གྱི་རྗེས་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1.5ཟིན་རྒྱུ་རེད། ཀུང་སིས་ཤ་མོའི་སོན་དང་། ཕྱིར་འཚོང་། ལག་རྩལ་སོགས་ཀྱི་ཞབས་ཞུ་བྱས་ཏེ་ཆེད་ལས་འདེབས་འཛུགས་དུད་ཚང་གིས་རི་སྐྱེས་འདེབས་གསོའི་ལྷུ་ཚིགས་ལ་འགན་འཁུར་ན་འགྲིག

    ཀོང་ཀྲོའུ་གྲོང་ཁྱེར་བོད་སྐྱོར་ལས་དོན་ཚོགས་ཆུང་གི་ཁོངས་མི་ཆིའུ་ཡུང་ཀོང་གིས། རྣམ་གྲངས་ལ་བརྟེན་ནས་ས་གནས་འདི་གའི་ཞིང་འབྲོག་པར་ཡོང་འབབ་སྒོར་ཁྲི་200ལྷག་བྱུང་བ་དང་། རང་སའི་ཞིང་འབྲོག་པ་མི་ཐེངས་2800ལྷག་གླས་པ་མ་ཟད་ཀུང་སིས་ད་དུང་སྡོང་ཕུང་རི་སྐྱེས་འདེབས་གསོའི“ཞིང་ནང་གི་སློབ་ཚན”ཐེངས་45ཁྲིད་པ་དང་མི་ཐེངས་225ལ་གསོ་སྦྱོང་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ཚོང་འགུགས་ཙམ་བྱས་ཏེ་མཇུག་འགྲིལ་བ་མི་བྱེད་པར་སྣེ་འདྲེན་ཁེ་ལས་ཉིད་སྤོ་བོའི་ས་ཆར་རྩ་བ་ཚུགས་པར་བྱས་ནས་ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་དངོས་འབྲེལ་འདོན་དགོས། ཀུང་སིས་སྤོ་བོ་རྫོང་གི་ཆེད་ལས་དུད་ཚང་8ལ་རྒྱབ་སྐྱོར་བྱས་ཏེ་མཉམ་ལས་ཁང་གི་སྣེ་ཁྲིད་པར་གོང་འཕེལ་གཏོང་རྒྱུ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཁྱིམ་དབུལ་པོ་20ལ་རོགས་སྐྱོར་བྱས་ནས་འདེབས་འཛུགས་ཀྱི་ཆེད་ལས་དུད་ཚང་དུ་གོང་འཕེལ་གཏོང་རྩིས་ཡོད། དེ་དང་དུས་མཚུངས་སུ་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་ད་དུང་ཀྲའོ་ཐུང་གྲོང་ཁྱེར་སྡོང་ཕུང་ཁྱད་ལྡན་ཐོན་རྫས་ཅུས་དང་སྡོང་ཕུང་ཞིབ་འཇུག་ཁང་ལ་འབྲེལ་མཐུད་མཉམ་སྐྲུན་བྱས་ནས“ཀོང་ཏུང—ཡུན་ནན—བོད་ལྗོངས”ས་ཆ་གསུམ་གྱི་མཉམ་ལས་འཕེལ་རྒྱས་ཀྱི་སྡོང་ཕུང་ཐོན་ལས་རྣམ་པ་འཛུགས་སྐྱོང་ལ་གྲ་སྒྲིག་བྱེད་ཀྱི་ཡོད་ཅེས་ཙོའུ་ཡུང་ཀང་གིས་བརྗོད།

    མང་ཚོགས་སྐུལ་ཁྲིད་བྱས་ནས་ཐོན་ལས་གོང་འཕེལ་གཏོང་བར“སྣེ་ཁྲིད་པ”མེད་ན་མི་འགྲིག ལོ་37ལ་སླེབས་པའི་བསོད་ནམས་དབང་མོ་ནི་གཡུ་ཤུལ་ཤང་ཡུལ་གསར་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་ཡིན། ལོ་དུ་མའི་གོང་། ཁོང་གིས་ཁྱིམ་དུ་བུ་ཕྲུག་གཉོར་སྐྱོང་དང་དབྱར་རྩྭ་དགུན་འབུ་ཙམ་སྔོག་འཐུ་བྱས་ཏེ་འཚོ་བ་བསྐྱལ་ནའང་། ཕྱིས་སུ་ཡུལ་དེ་གའི་ཞིང་ལས་སྡེ་ཚན་གྱིས་སྒྲིག་འཛུགས་བྱས་པའི་གསོ་སྦྱོང་བརྒྱུད་ནས་ཁོང་གིས་དྲོད་ཁང་དུ་ཀོ་ཤ་འདེབས་རྒྱུ་ཡིད་ལ་འཁོར། ཀོང་ཀྲོའུ་གྲོང་ཁྱེར་གྱི“ཆུས་ཤང་འབྲེལ་མཐུད”ཀྱི་སྲིད་ཇུས་རྒྱབ་སྐྱོར་ལ་བརྟེན་ནས་ཀོང་ཀྲོའུ་ཧོང་ཕུའུ་ཆུས་ཀྱིས་ཁོང་ལ་ཐོན་ལས་རོགས་སྐྱོར་གྱི་ཐེབས་རྩ་སྤྲད་པ་དང་། ཡུལ་དེ་གའི་ལས་བྱེད་པས་ཚན་རྩལ་ཅུས་ཀྱི་ལས་དོན་མི་སྣ་ཁྲིད་ནས་ཐེངས་མང་པོར་ཞིང་ནང་དང་མུ་ཁར་ལག་རྩལ་མཛུབ་ཁྲིད་བྱས་པ་རེད།

    ད་ཆ་བསོད་ནམས་དབང་མོའི་ཀོ་ཤ་འདེབས་ཁྱོན་དྲོད་ཁང་8བར་མང་དུ་སོང་བ་དང་། ལོ་རེར་ཀོ་ཤ་ཐེངས་གཉིས་རེ་བཏབ་ནས་2019ལོའི་ཕྱིར་འཚོང་ཡོང་འབབ་སྒོར་ཁྲི་15ཟིན་ཡོད། དྲོད་ཁང་གི་འདེབས་འཛུགས་རྣམ་གྲངས་དེ་ལས་ལོ་རེར་ཡུལ་གསར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་ཡོང་འབབ་སྒོར་8000རག་གི་ཡོད་པ་མ་ཟད། ཡུལ་དེ་གའི་ཞིང་འབྲོག་པ་མི་ཐེངས་100ལྷག་ཙམ་གླ་པ་རྒྱུག་རྒྱུར་སྐུལ་ཁྲིད་བྱས་པའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་12ཚུད་ཡོད།

    ཧོང་ཕུའུ་ཆུས་ཀྱིས་རོགས་སྐྱོར་བྱས་པའི་མ་དངུལ་སྒོར་ཁྲི་215སྤྱད་ནས་བསྐྲུན་པའི་གཡུ་ཤུལ་ཤང་མཉམ་སྡེབ་དཔལ་འབྱོར་ཐོན་ལས་འཕེལ་རྒྱས་དཔེ་སྟོན་གླིང་འདེབས་འཛུགས་ཁུལ་ལ་བརྟེན་ནས་ཤང་་ཡོངས་ཀྱི་གྲོང་ཚོ་14ལ་ཕན་པ་ཐོབ་ཅིང་། གླིང་ཁུལ་གྱིས“ཀུང་སི+ཞིང་དུད+ཁྲོམ་ར”བཅས་ཀྱི་གཉེར་སྐྱོང་བྱེད་སྟངས་ལྟར་ཀུང་སི་དང་གྲོང་མིས་ཐོན་འཚོང་གི་གན་རྒྱ་བཞག་སྟེ་ཀུང་སིས་ལག་རྩལ་གྱི་མཛུབ་ཁྲིད་བྱས་པ་དང་། གྲོང་མིས་གན་རྒྱའི་བླང་བྱ་གཞིར་བཟུང་འདེབས་འཛུགས་དང་འཚོལ་བསྡུ་བྱས་ཐོག་ཀུང་སིས་ལས་སྣོན་དང་ཉོ་སྒྲུབ་སོགས་ཀྱི་ལྷུ་ཚིགས་སུ་ཁེ་སྤོགས་རག་ཐབས་བྱས་ནས་མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་ཡོད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001393485721