བོད་ལྗོངས།
ཧྲེན་ཀྲེན་གྱི་སྨན་པས་བོད་ལྗོངས་རྫ་ཡུལ་དུ་ བསྐྱོད་དེ་འོད་སྣང་སྦྱིན་པ།

    འདི་ནི་བོད་ལྗོངས་རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་དུ་ཧྲེན་ཀྲེན་སྨན་བཅོས་ཚོགས་པའི་སྨན་པས་སྐྱ་གྲིབ་ཕོག་པའི་ནད་པ་ཞིག་ལ་བརྟག་དཔྱད་བྱེད་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་9ཚེས་10ཉིན་གློག་འཕྲིན་འབྱོར་གསལ། “ང་ལ་སླར་ཡང་འོད་སྣང་སྦྱིན་པར་ཐུགས་རྗེ་ཆེ་ཞུ”ཞེས་སེང་རས་ཕྱེ་རྗེས་ལོ་62ལ་སླེབས་པའི་བོད་ལྗོངས་རྫ་ཡུལ་རྫོང་ཚ་བ་རོང་ཤང་གི་གྲོང་མི་ཀྲེང་ཀང་སེམས་འགུལ་ཚད་མེད་ཐེབས་བཞིན་རང་ཉིད་ལ་གཤག་བཅོས་བྱེད་མཁན་ཧྲེན་ཀྲེན་གྱི་སྨན་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

    ཟླ་9ཚེས་4ཉིན་ནས་བཟུང་། སྤྱི་ཕན་རྩ་འཛུགས་ཧྲེན་ཀྲེན་སེང་གེ་ལྷན་ཚོགས་ཀྱིས་ཧྲེན་ཀྲེན་གྲོང་ཁྱེར་ཀྲུང་ཕྱི་གསོ་རིག་ཟུང་འབྲེལ་སྨན་ཁང་དང་། ཧྲེན་ཀྲེན་གྲོང་ཁྱེར་མིག་ནད་སྨན་ཁང་། ཧྲེན་ཀྲེན་གྲོང་ཁྱེར་པའོ་ཨན་ཆུས་ལྟེ་བའི་སྨན་ཁང་བཅས་ཀྱི་མིག་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་དང་མཉམ་དུ་བོད་ཀྱི་རྫ་ཡུལ་རྫོང་ཚ་བ་རོང་ཤང་དང་། རྫ་ཡུལ་སྨད་གྲོང་རྡལ། འགྲོ་བ་དགོན་གྲོང་རྡལ་བཅས་སུ་དུས་ཡུན་ཉིན་5ཡི“འོད་སྣང་བྱ་སྤྱོད”ཀྱི་སྤྱི་ཕན་བྱེད་སྒོ་སྤེལ་ནས། ས་གནས་དེ་གའི་མིག་ནད་ཕོག་པའི་ནད་པའི་སྨན་བཅོས་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་རེད།

    རྫ་ཡུལ་དུ་སླེབས་མ་ཐག་ཧྲེན་ཀྲེན་སྨན་བཅོས་ཚོགས་པའི་སྨན་པ་ཚོས་འཕྲལ་མར་འོས་འགན་སྨན་བཅོས་དང་གྲལ་བཤེར་བྱས་པ་རེད། ཚ་བ་རོང་དུ་ལོ་59ལ་སླེབས་པའི་གྲོང་མི་ཁེ་རེན་གྱིས་ལོ་92ལ་སླེབས་པའི་ཨ་མ་ཁྲིད་དེ་སྨན་བཅོས་རུ་ཁག་འཚོལ་བཞིན་འདུག ཁོང་གིས“ངའི་ཨ་མའི་མིག་ལོ་10ཡི་གོང་ནས་ཞ་ར་ཚགས་སོང་། ཐག་རིང་ལུང་ཁུག་ཏུ་བསྡད་ཡོད་པས་ད་བར་ནར་འགྱངས་སུ་ཕྱིན་སོང”ཞེས་བཤད།

    རྨོ་བོ་ལགས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་རྗེས་སུན་ཡུང་གིས་རྨོ་བོ་ལགས་ཀྱི་སྐྱ་གྲིབ་ཧ་ཅང་ཚབས་ཆེན་ཡིན་པ་ཤེས། “ཁོ་མོའི་མིག་ཟུང་གི་འོད་ཚོར་ནུས་པ་ཧ་ལམ་ཉམས་ཟིན་ལ། ཁྲག་ཤེད་མཐོ་ཙམ་ཡོད་པ་དང་དེའི་ཐོག་ལོ་90ལྷག་ཙམ་ལ་སླེབས་པའི་རྐྱེན་གྱིས་གཤག་བཅོས་ལ་ཉེན་ཁ་དང་དཀའ་ངལ་ཆེན་པོ་ཡོད”ཅེས་སུན་ཡུང་གིས་བཤད།

    གྲོས་བསྡུར་ཡང་ཡང་བྱས་པ་བརྒྱུད། སྨན་བཅོས་རུ་ཁག་གིས་རྨོ་བོ་ལགས་ལ་གཤག་བཅོས་ཀྱི་ཇུས་གཞི་ཞིབ་ཕྲ་བཟོས་པ་རེད། གཙོ་བཅོས་སྨན་པ་སུན་ཡུང་གིས་རྨོ་བོ་ལགས་ལ་མིས་བཟོས་ཤེལ་གཟུགས་བླུགས་རྗེས་ཆུ་ཚོད་ཕྱེད་ཀ་ཡང་མ་སོང་བར་གཤག་བཅོས་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད།

    ཉིན་གཉིས་པར་སེང་རས་ཀྱི་ཁ་ཕྱེ་སྐབས་རྨོ་བོ་ལགས་ཀྱིས་ཡུན་རིང་མ་མཐོང་བའི་བུ་མཐོང་བས་ངོ་གདོང་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར།

    རྫ་ཡུལ་དུ་སྡོད་པའི་ཉིན་5ཡི་ནང་། ཧྲེན་ཀྲེན་སྨན་བཅོས་ཚོགས་པས་ཁྱོན་མི་373ལ་བརྟག་དཔྱད་བྱས་པ་དང་འབྲེལ་ནད་པ་40ལ་མིག་ནད་གཤག་བཅོས་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་རྫ་ཡུལ་རྫོང་ལས་དོན་ཚོགས་ཆུང་བོད་དུ་བསྐྱོད་ཚུན། ས་གནས་དེ་གའི་མང་ཚོགས་ཀྱི་དགོས་མཁོ་དང་ཧྲེན་ཀྲེན་གྱི་སྤུས་ལེགས་ཐོན་ཁུངས་ཟུང་འབྲེལ་བྱས་ཏེ་སྨན་བཅོས་བོད་སྐྱོར་ཐད་ལས་སྟེགས་ཧུར་ཐག་བསྐྲུན་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001393664561