བོད་ལྗོངས།
སླར་ཡང་ཕ་མེས་ཚོའི་བོད་སྐྱོད་ལམ་བུར་ཞུགས་པ།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཚའེ་ཝུན་ཤན་དང་ལི་ཅན།

    “དམག་སྡེ་བཅོ་བརྒྱད་པའི་རྗེས་རབས་པ་ཞིག་ཡིན་པའི་ཁོ་བོས‘བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས’རྒྱུན་འཛིན་བྱས་ཏེ། ཕ་མེས་ཚོས་བཏོད་པའི‘བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས’དེ་ང་ཚོའི་ལུས་ཐོག་ནས་དར་སྤེལ་བཏང་ནས། དམག་སྡེ་བཅོ་བརྒྱད་པའི་མི་རབས་གོང་མའི་གཟུགས་བརྙན་རླབས་པོ་ཆེ་སླར་ཡང་མངོན་པར་བྱ་རྒྱུའི་དམ་བཅའ་འཇོག་གི་ཡིན”ཞེས་རྔམ་བརྗིད་ལྡན་པའི་དམ་བཅའི་ཚིག་དེ་ལྷ་སའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་ནས་གྲགས་འོང་།

    ལྷ་སའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་གྱི་དྲན་གསོའི་རྡོ་རིང་གི་མདུན་དུ། སྙིང་སྟོབས་རབ་ཏུ་འཕེལ་བའི་རྒན་རྒོན་30ལྷག་གིས་ལག་ཏུ་མེ་ཏོག་སེར་པོ་ཁྱེར་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོར་གུས་འདུད་ཞུས་ཏེ་མྱ་ངན་མཚོན་པར་བྱས་པ་རེད། ཁོང་ཚོ་ནི“དམག་སྡེ་བཅོ་བརྒྱད་པའི་བུ་ཕྲུག་གི་འཐུས་མིའི་ཚོགས་པ”ཞིག་ཡིན་པས་གདན་ཞུས་ལྟར་བོད་ལ་ཡོང་ནས་ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་ནང་ཞུགས་ཤིང་། འཐུས་མི་ཚོགས་པའི་ཁོངས་མིའི་ཁྲོད་ལོ་ཆེ་ཤོས་79དང་ལོ་ཆུང་ཤོས་54ཡིན་པ་རེད།

    1950ལོའི་ཟླ་10པར། དམག་སྡེ་བཅོ་བརྒྱད་པས་གཙོ་ཤུགས་བྱས་པའི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་འཐབ་རེས་མཐུན་འགྲིག་གིས་ཞི་བདེར་སྐུལ་མ་གཏོང་བའི་ཆབ་མདོའི་གཡུལ་འགྱེད་ལ་རྒྱལ་ཁ་ཐོབ་སྟེ། བོད་ཀྱི་སྐར་ལྔའི་དར་དམར་དང་པོ་དེ་ཆབ་མདོར་བསྒྲེངས་ནས་བོད་ལ་ཞི་བས་བཅིངས་འགྲོལ་གཏོང་བར་ལམ་བཤངས་ཡོད།

    འདི་ལོའི་ཟླ་10ཚེས་9ཉིན་ཆབ་མདོའི་མི་རིགས་ཁག་དང་ལས་རིགས་ཁག་གིས་གཟབ་རྒྱས་ངང་འདུ་འཛོམས་བྱས་ནས། ཆབ་མདོ་བཅིངས་འགྲོལ་བཏང་སྟེ་ལོ་ངོ་70འཁོར་བར་དྲན་གསོ་ཞུས་པ་དང་དམག་སྡེ་བཅོ་བརྒྱད་པའི་བུ་ཕྲུག་རྣམས་གདན་ཞུས་ལྟར་རྟེན་འབྲེལ་གྱི་བྱེད་སྒོར་ཞུགས་ཡོད།

    ཟླ་10པའི་ཟླ་སྟོད་དུ་རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་དམག་སྡེ་བཅོ་བརྒྱད་པའི་བུ་ཕྲུག་42ཁྲེང་ཏུའུ་ནས་རྡོག་ཐོན་བྱས་ཏེ་དར་རྩེ་མདོ་དང་། དཀར་མཛེས། སྡེ་དགེ་སོགས་བརྒྱུད་ཆབ་མདོར་འབྱོར་བ་དང་ལམ་རྒྱུད་ཀྱི་དམག་སྡེ་བཅོ་བརྒྱད་པའི་འབྲེལ་ཡོད་ཀྱི་རྗེས་ཤུལ་ལ་མཇལ་ཁ་ཞུས་པ་མ་ཟད། ཏང་སྲིད་ལས་ཁུངས་ཀྱི་ལས་བྱེད་པ་དང་། དཔུང་སྡེའི་དཔོན་དམག སློབ་གྲྭ་འབྲིང་ཆུང་གི་སློབ་མ་བཅས་ལ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”སྒྲོག་འགྲེལ་བྱས་པ་དང་འབྲེལ་རྟེན་འབྲེལ་གྱི་བྱེད་སྒོ་ཁག་ལའང་ཞུགས་པ་རེད། དེ་རྗེས་ཁོང་ཚོ་སྤོ་བོ་དང་ཉིང་ཁྲི་སོགས་ཀྱི་ས་ཁུལ་བརྒྱུད་ལྷ་སར་ཡོང་སྟེ་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དང་། ཐན་ཀོན་སན་གྱི་དྲན་གསོ་ཁང་། ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོ་བཅས་ལ་བྱེད་སྒོ་སྤེལ་བ་རེད།

    དམག་སྡེ་བཅོ་བརྒྱད་པའི་ཆབ་སྲིད་ཨུ་ཡོན་ཐན་ཀོན་སན་གྱི་འཇིམ་བརྙན་གྱི་མདུན་དུ་ལོ་79ལ་སླེབས་པའི་འཐུས་མི་ཚོགས་པའི་ཁོངས་མི་ཐན་རུང་ཧྲེང་གིས་མིག་ཆུ་གཏོང་བཞིན་དུ་ཕ་ལ་འདས་མཆོད་བྱས་པ་དང་། འཐུས་མི་ཚོགས་པའི་ཁོངས་མི་ཚོས་གྲལ་སྟར་འགྲིགས་ནས་འཇིམ་བརྙན་ལ་གུས་འདུད་ཞུས་པ་རེད།

    ལོ་70ཡི་གོང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་སི་ཁྲོན་དང་། ཡུན་ནན། མཚོ་སྔོན། ཤིན་ཅང་བཅས་ཕྱོགས་བཞི་ནས་བོད་དུ་བསྐྱོད་ནས་དཔོན་དམག་ཚོས་བོད་ཞི་བས་བཅིངས་འགྲོལ་གཏོང་བའི་ལས་འགན་བསྒྲུབས་རྗེས། “ཡུན་རིང་བོད་འཛུགས་སྐྲུན་དང་མཐའ་མཚམས་ཁྱིམ་སྐྱོང”གི་བསམ་བློ་བརྟན་པོ་ཆགས་པ་བྱས་ནས་རང་ཉིད་ཀྱི་ལང་ཚོ་དང་ཚེ་སྲོག་བོད་ལ་ལེགས་སྐྱེས་སུ་ཕུལ་ཡོད། སྙིང་སྟོབས་དེ“སྡུག་བསྲན་ཁྱད་པར་ཐེག་པ་དང་། དམག་འཐབ་ཁྱད་པར་འཇོན་པ། བཟོད་བསྲན་ཁྱད་པར་ཐུབ་པ། མཐུན་སྒྲིལ་ཁྱད་པར་ཐུབ་པ། ལེགས་སྐྱེས་ཁྱད་པར་འབུལ་བའི”“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དེ་རིམ་བཞིན་བརྟན་པོ་ཆགས་ནས་ཀྲུང་ཧྭ་མི་རིགས་སྙིང་སྟོབས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001394853461