བོད་ལྗོངས།
རྒྱལ་ཡོངས་རིག་གནས་དང་ཡུལ་སྐོར་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་འཚོགས་པ།

    ཧུའུ་ཧོ་ཕིང་དང་། ཝུའུ་དབྱིང་ཅེ། ཆེ་དགྲ་ལྷ་བཅས་ཀྱིས་གསུང་བཤད་གནང་བ་དང་། ལི་ཆུན་གྱིས་གཙོ་སྐྱོང་གནང་བ། ཡན་ཅིན་ཧའེ་ཚོགས་འདུར་ཕེབས་པ།

    ཚེས་9ཉིན་གྱི་སྔ་དྲོ་རྒྱལ་ཡོངས་རིག་གནས་དང་ཡུལ་སྐོར་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་པ་དང་འབྲེལ་ཉེ་བའི་ལོ་ཤས་རིང་རྒྱལ་ཡོངས་རིག་གནས་དང་ཡུལ་སྐོར་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་ལ་ཕྱོགས་སྡོམ་དང་དུས་མཚམས་རྗེས་མའི་གཙོ་གནད་ལས་འགན་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།

    རིག་གནས་དང་ཡུལ་སྐོར་པུའི་ཏང་ཙུའི་ཧྲུའུ་ཅི་པུའུ་ཀྲང་ཧུའུ་ཧོ་ཕིང་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། རིག་གནས་དང་ཡུལ་སྐོར་པུའི་པུའུ་ཀྲང་གཞོན་པ་ལི་ཆུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཅིན་ཧའེ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་ཚོགས་འདུར་ཕེབས་པ་རེད།

    ཧུའུ་ཧོ་ཕིང་གིས་རིག་གནས་དང་ཡུལ་སྐོར་པུའི་ཚབ་ཞུས་ནས་རྒྱལ་ཡོངས་རིག་གནས་དང་ཡུལ་སྐོར་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་ནང་ཞུགས་མཁན་དང་རྒྱབ་སྐྱོར་བྱེད་མཁན་ཚན་པ་དང་བློ་མཐུན་ཚང་མར་བླ་ན་མེད་པའི་གུས་འདུད་ཞུས་པ་དང་འབྲེལ་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་རིག་གནས་དང་ཡུལ་སྐོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེའང་ཞུས་པ་རེད།

    ཧུའུ་ཧོ་ཕིང་གིས་ཉེ་བའི་ལོ་ཤས་རིང་། རིག་གནས་དང་ཡུལ་སྐོར་ཁོངས་གཏོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ་ཁ་གཏད་བོད་སྐྱོར་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཕྱོགས་ཁག་གི་ཐོན་ཁུངས་མཐུན་སྦྱོར་དང་ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་བྱས་ཏེ། ལས་ཀའི་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། རྣམ་གྲངས་ཀྱི་རོགས་སྐྱོར་ཧུར་ཐག་བྱེད་པ། ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་པ་སོགས་ལ་ཤུགས་སྣོན་བརྒྱབ་ནས་ལྷག་བསམ་ཟོལ་མེད་ངང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་བྱ་ཐབས་ཏན་ཏིག་བཏོན་པ་དང་ནུས་ཤུགས་ཡོད་རྒུས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་བྱ་བ་དངོས་བསྒྲུབས་ཏེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ལྷག་པར་དུ་རིག་གནས་འཛུགས་སྐྱོང་དང་ཡུལ་སྐོར་འཕེལ་རྒྱས་ལ་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་ཕུལ་ཡོད། མིག་སྔར་ང་ཚོ“ལོ་བརྒྱ་གཉིས”ཀྱི་ལོ་རྒྱུས་འདྲེས་མཚམས་སུ་གནས་པ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”མཇུག་བསྡུ་བ་དང“ལོ་ལྔ་ཚན་བཅུ་བཞི་པ”འགོ་འཛུགས་པའི་འགག་རྩའི་དུས་སྐབས་སུ་གནས་པས། རིག་གནས་དང་ཡུལ་སྐོར་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཚད་དུ་བཟུང་སྟེ་ཁ་གཏད་བོད་སྐྱོར་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་རིག་གནས་དང་ཡུལ་སྐོར་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་གསུངས་པ་རེད།

    མཇུག་ཏུ་ཧུའུ་ཧོ་ཕིང་གིས་རྒྱལ་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཁོངས་གཏོགས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་བ་དང་། ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པའི་མཐོ་ཚད་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ། སྒྲིག་འཛུགས་དང་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱོགས་ཁག་གི་ཧུར་སེམས་འཕེལ་བར་བྱེད་པ། ལས་ཀའི་བསམ་ཕྱོགས་དང་བྱ་ཐབས་གསར་གཏོད་བྱེད་པ། ལས་འགན་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བཅས་བྱས་ནས་བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཡོད་པའི་སྙིང་རུས་སྐྱེད་དེ་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་རྒྱལ་ཡོངས་རིག་གནས་དང་ཡུལ་སྐོར་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། རིག་གནས་དང་ཡུལ་སྐོར་པུས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་རིག་གནས་དང་ཡུལ་སྐོར་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད། ཝུའུ་དབྱིང་ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་རིག་གནས་དང་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་སྟེ། མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་ང་ཚོས་བོད་ཀྱི་རིག་གནས་ཡུལ་སྐོར་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་། རྩ་བའི་གཞི་འཛིན་ས་མཁོ་འདོན། སྒུལ་ཤུགས་ཆེན་པོ་སྣོན་པ་བཅས་གནང་ཡོད། རིག་གནས་དང་ཡུལ་སྐོར་པུའུ་ཡིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་རིག་གནས་དང་ཡུལ་སྐོར་བྱ་གཞག་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་པ་དང་། གཙོ་གནད་མངོན་གསལ་དོད་པ་དང་སྐུལ་འདེད་ཏན་ཏིག་བཏང་ནས་བོད་སྐྱོར་ལས་དོན་གྱི་སྒྲིག་སྲོལ་གསར་གཏོད་དང་། བོད་སྐྱོར་ལས་དོན་གྱི་ནང་དོན་ཟབ་གཏོང་། བོད་སྐྱོར་ལས་དོན་སྒྲུབ་སྟངས་ལེགས་གཏོང་བཅས་བྱས་ནས་རིག་གནས་དང་ཡུལ་སྐོར་གྱི་བོད་སྐྱོར་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རིག་གནས་དང་ཡུལ་སྐོར་པུའུ་སོགས་ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུད་ཀྱི་ཤུགས་ཆེའི་རྒྱབ་སྐྱོར། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་དང་ཀྲུང་དབྱང་ཁེ་ལས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་རིག་གནས་དང་ཡུལ་སྐོར་ཁྱབ་ཁོངས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། རིག་གནས་དང་ཡུལ་སྐོར་ཐོན་རྫས་དང་ཞབས་ཞུའི་མཁོ་སྤྲོད་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ། རིག་གནས་དང་ཡུལ་སྐོར་གྱི་འཛད་སྤྱོད་སྒྲིག་བཀོད་འཐུས་ཚང་ཏན་ཏིག་གཏོང་བ། རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འཕེལ་བ་བཅས་བྱས་པས། རིག་གནས་དང་ཡུལ་སྐོར་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་དམངས་འཚོ་ལེགས་སུ་གཏོང་བ་དང་། ལས་ཞུགས་ལ་སྐུལ་ཁྲིད་བྱེད་པ། ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་སོགས་ལ་སྔར་ལས་ཆེ་བའི་ནུས་པ་འདོན་བཞིན་ཡོད་ཅེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས་འདི་ལོའི་ཟླ་8པར་འཚོགས་པའི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་དུས་རབས་གསར་པར་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་འཐབ་ཇུས་བཀོད་སྒྲིག་བྱས་པ་ནི་ཏང་གི་བོད་ཀྱི་ལས་དོན་ལོ་རྒྱུས་ཐོག་མཚོན་བྱེད་རང་བཞིན་གྱི་དུས་རབས་འབྱེད་པའི་དོན་སྙིང་ལྡན་པའི་ལམ་ཚད་རྡོ་རིང་གསར་པ་གལ་ཆེན་གཞན་ཞིག་རེད། མི་རིང་བའི་གོང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་གྲོས་འགོ་དང་2035ལོའི་ཕུགས་ཀྱི་དམིགས་ཚད་ཐད་བཀོད་སྒྲིག་གལ་ཆེན་གནང་བ་དེས་རང་ལྗོངས་ཀྱི་རིག་གནས་དང་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་ཐོབ་དཀའ་བའི་གོ་སྐབས་མཁོ་འདོན་གནང་ཡོད། ང་ཚོས་ངེས་པར་དུ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་རྒྱུ་དེ་རིག་གནས་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་གཏོང་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས། ཞིང་འབྲོག་མང་ཚོགས་རྒྱ་ཁྱབ་ངང་ཞུགས་སུ་འཇུག་པ་དང་འབྲེལ་དེའི་ཁྲོད་ནས་ཕན་པ་ཐོབ་པར་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་རིག་གནས་བྱ་གཞག་འཕེལ་རྒྱས་ཀྱི་ལས་འགན་གལ་ཆེན་ལ་བརྩིས་ནས་མི་རིགས་ཁག་གི་མང་ཚོགས་ལ་ཀྲུང་ཧྭའི་རིག་གནས་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་བསམ་པའི་འབྲེལ་ཐག་དང་སེམས་ཀྱི་བརྟེན་ས་ཡིན་པ་ཤེས་སུ་བཅུག་སྟེ། མི་རིགས་ཁག་གི་མང་ཚོགས་ཀྱི་རིག་གནས་ཀྱི་གདེང་ཚོད་དང་རིག་གནས་ཀྱི་མོས་སེམས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས། ཡུལ་སྐོར་ལས་རིགས་དེ་ཉིད་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་ཏུ་བརྩིས་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་། དཔལ་འབྱོར་གྱི་སྒུལ་ནུས་གསར་རྙིང་བརྗེ་སྒྱུར་ལ་སྐུལ་འདེད་གཏོང་བ། ནང་མཁོ་རྒྱ་ཆེར་གཏོང་བ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ། དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་གཏོང་བ་བཅས་ཀྱི་ཁྲོད་ཡུལ་སྐོར་ལས་རིགས་ཀྱི་ནུས་པ་དེ་བས་གལ་ཆེན་འདོན་སྤེལ་ཐུབ་པ་བྱེད་དགོས། རིག་གནས་དང་ཡུལ་སྐོར་པུས་ང་ཚོར་བོད་ལྗོངས་གནའ་སྔ་མོ་ནས་བཟུང་མེས་རྒྱལ་ནང་ས་དང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་འཚོལ་ཞིབ་དང་ལེགས་སྒྲིག་བྱེད་པ་དང་། བོད་ཀྱི་དོན་དངོས་དང་མཐུན་པའི་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་སློབ་གསོའི་ཀློག་དེབ་རྩོམ་སྒྲིག་བྱེད་པ། འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་དང་ཁུལ་ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་གྲོགས་པོ་དེ་བས་མང་བ་བོད་དུ་མ་འཇོག་ལས་དར་དང་ཡུལ་སྐོར་ལྟ་སྐོར་དུ་ཡོང་རྒྱུའི་ཡིད་དབང་འགུག་པར་མུ་མཐུད་རྒྱབ་སྐྱོར་དང་རོགས་རམ་གནང་རྒྱུའི་རེ་བ་སྙིང་ཐག་པ་ནས་ཞུ་རྒྱུ་ཡིན། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་། བོད་འབྲེལ་ལས་དོན་གྱི་གཙོ་གནད་ཞིང་ཆེན། རིག་གནས་དང་ཡུལ་སྐོར་ཁེ་ལས་བཅས་ཀྱིས་ཐོན་ཁུངས་བསྡུ་སྒྲིལ་དང་། ལེགས་ཆ་གསབ་རེས། མཉམ་ལས་གཏིང་ཟབ་བཅས་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་སྒུལ་ནུས་གསར་པ་བསྣན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཆེ་དགྲ་ལྷས་ང་ཚོས་ད་རེས་ཀྱི་ཚོགས་འདུ་གོ་སྐབས་སུ་བཟུང་སྟེ་གསར་འབྱེད་གསར་གཏོད་དང་འབད་འཐབ་ལྷོད་མེད་བྱས་ནས་དུས་རབས་གསར་པར་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རིག་གནས་ཀྱི་ཆ་རྐྱེན་བཟང་པོ་དང་དཔལ་འབྱོར་གྱི་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱས་ཏེ་གཡུར་ཟའི་གྲུབ་འབྲས་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་ལ་དྲིན་ལན་འཇལ་དགོས་པ་དང་། རིག་གནས་དང་ཡུལ་སྐོར་པུའུ་སོགས་རྒྱལ་ཁབ་ཀྱི་པུའུ་ཨུད་དང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། འབྲེལ་ཡོད་ཁེ་ལས་བཅས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་ལ་དྲིན་ལན་འཇལ་དགོས་ཞེས་གསུངས་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001395078711