བོད་ལྗོངས།
ལྷ་ཉིང་ལྕགས་ལམ་ཐོག་ལས་ལ་བརྩོན་པའི་ལས་མི་ཕ་བུ་གཉིས།

    མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཞུས་ཡུས་ཡའོ།

    ཀྲང་ཐེང་གི་ད་ལོའི་དཔྱིད་གསར་དུས་ཆེན་དེ་གཞི་ནས་ཕ་ཀྲང་ཤིན་ཧྥུང་དང་མཉམ་དུ་གཏོང་ཐུབ་རྒྱུ་རེད། ཕ་བུ་གཉིས་མཉམ་དུ་འཛོམས་རུང་། འཛོམས་ཡུལ་ནི་ཕ་ཡུལ་དང་ལེ་དབར་སྟོང་ཕྲག་ཆོད་པའི་ལྷ་ཉིང་ལྕགས་ལམ་གྱི་ཨར་ལས་བྱ་ཡུལ་དུ་ཡིན་པ་རེད།

    ཕ་བུ་གཉིས་ཀ་ཀྲུང་གོ་ལྕགས་ལམ་གློག་ཤུགས་ཅན་ཅུས་ཀྱི་ལས་མི་ཡིན། 2019ལོའི་ཟླ་3པར་ཀྲང་ཤིན་ཧྥུང་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སུ་སླེབས་ནས་སྣེ་གདོང་ཆུས་ནས་ཟངས་རི་རྫོང་བར་གྱི་སྦྲེལ་མཐུད་དྲ་བའི་ལས་སྒྲུབ་རུ་དཔོན་གྱི་འགན་འཁུར། དེ་ནི་ཁོང་མཚོ་བོད་ས་མཐོར་ཡོང་ཐེངས་དང་པོ་ཡིན་པས། སླེབས་མ་ཐག་པའི་ཉིན་ཤས་རིང་གསོ་རླུང་མ་འདང་རྐྱེན་མགོ་ན་བ་དང་། ཞོགས་པ་ཡར་ལངས་སྐབས་སྣ་ཁྲག་དོན་པ། ཐོག་བརྩེགས་བཞི་པར་འཛེག་སྐབས་ངལ་ཐེངས་ཁ་ཤས་གསོ་དགོས་ཀྱི་ཡོད།

    ཀྲང་ཤིན་ཧྥུང་མགོ་དེ་བས་ན་དགོས་པ་ནི་ཨར་ལས་ཀྱི་འཕེལ་རིམ་དེ་རེད། གློག་ཤུགས་ཅན་གྱི་ལྕགས་ལམ་འཛུགས་སྐྲུན་ནི་ལག་རྩལ་གྱི་ལས་ཀ་ཞིག་ཡིན་པས། སྐབས་འགར་སྨི་བཞི་ལྔ་ཙམ་ཡོད་པའི་ཀ་བ་མཐོ་པོའི་ཐོག་འཛེགས་ནས་མེ་འཁོར་སྐྱོད་བཞིན་པའི“མཁའ་ཐོག”ཏུ་ལས་ཀ་བྱེད་དགོས་ཀྱི་ཡོད། “ཐང་གཤོངས་སུ་ལག་རྩལ་བྱང་ཆུབ་པའི་ལས་མི་ཚོགས་ཆུང་གཅིག་གིས་ཉིན་གཅིག་རིང་ཀ་བ་ཉི་ཤུ་སུམ་ཅུ་ཙམ་སྒྲིག་སྦྱོར་བྱེད་ཐུབ། ཡིན་ནའང་བོད་དུ་གསོ་རླུང་མི་འདང་བའི་རྐྱེན་གྱིས་ཉིན་གཅིག་རིང་མང་ཤོས་ལའང་ཀ་བ་བཅུ་ཙམ་ལས་སྒྲིག་སྦྱོར་བྱེད་ཐུབ་ཀྱི་མེད་པས། མྱུར་ཚད་ཕྱེད་ཀའང་ཟིན་གྱི་མེད”ཅེས་ཀྲང་ཤིན་ཧྥུང་གིས་བརྗོད་པ་རེད།

    རིང་ཚད་སྤྱི་ལེ་11ལྷག་ཙམ་ཟིན་པའི་ལྷ་ཉིང་ལྕགས་ལམ་གྱི་སྨན་གླིང་ཕུག་ལམ་དུས་བཀག་ལྟར་བསྐྲུན་ཆེད། ཨར་ལས་ཚན་པ་ཁ་ཤས་ཀྱིས་ལས་རེས་བསྐོར་ནས་ལས་ཀ་བྱེད་ཀྱི་ཡོད། ཕུག་ལམ་གུ་དོག་པས་རླངས་འཁོར་གཉིས་མཉམ་དུ་གཏོང་མི་ཐུབ་པ་དང་རུ་ཁག་ཚང་མས་ངེས་པར་དུ་ལས་འགན་གང་མགྱོགས་སྒྲུབ་དགོས་སྟབས། ཀྲང་ཤིན་ཧྥུང་དང་ཀྲང་ཐེང་ཉིན་ལྟར་ཞོགས་པ་སྔ་པོ་ནས་ཕུག་ལམ་དུ་འཛུལ་བ་དང་ཕྱི་ཉིན་གྱི་ཐོ་རེངས་སུ་གཞི་ནས་ཕྱིར་ཐོན་ནས་ཁ་ལག་བཟས་རྗེས་ཉལ་གྱི་ཡོད། ཉིན་གཉིས་པའང་མུ་མཐུད་དེ་ལྟར་ལས་ཀ་བྱེད་ཀྱི་ཡོད།

    ན་ནིང་། ཀྲང་ཐེང་ལྷ་ཉིང་ལྕགས་ལམ་དུ་ལས་སྒྱུར་བྱས་པས། ཕ་བུ་གཉིས་གཞི་ནས“མཉམ་འཛོམས”བྱུང་ཡོད། ལས་ཀ་དཀའ་ཚེགས་ཆེ་རུང་། ཀྲང་ཐེང་བློ་ཡིད་ཚིམ་པོ་བྱུང་། ཕ་བུ་གཉིས་ཀྱི་ངོས་ནས་བརྗོད་ན“མཉམ་འཛོམས”ནི་ལོངས་སྤྱོད་ཆེ་ཤོས་ཤིག་རེད། ཉིན་ཤས་གོང་ཀྲང་ཤིན་ཧྥུང་གིས་བུ་དང་མཉམ་དུ་འདས་དོན་གླེང་སྐབས་ཁོང་རང་དབང་མེད་པར་མིག་ཆུ་ལྷུང་ལྷུང་དུ་ཤོར།

    “པཱ་ལགས་ནི་བྱམས་བརྩེ་ལྡན་པ་ཞིག་ཡིན་པ་ངས་གཞི་ནས་ཤེས་བྱུང”ཞེས་ཀྲང་ཐེང་གིས་བརྗོད་བྱུང་།

    ལྷ་ཉིང་ལྕགས་ལམ་ནི་བོད་ཀྱི་གློག་ཤུགས་ཅན་གྱི་ལྕགས་ལམ་ཐོག་མ་དེ་ཡིན། ལྷ་ས་ནས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་དང་གྲ་ནང་རྫོང་སོགས་ས་ཆ་བརྒྱུད་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་དང་སྨན་གླིང་རྫོང་དུ་སླེབས་པ་དང་དེ་ནས་ཉིང་ཁྲི་གྲོང་ཁུལ་དུ་འབྱོར་གྱི་ཡོད། ཁྱོན་བསྡོམས་ཡར་ཀླུང་གཙང་པོ་ཐེངས་16དང་རི་མཐོ་མང་པོ་བརྒལ་ཡོད། སྤྱི་ལེ་400ལྷག་ཙམ་གྱི་ལམ་ཐག་ཐོག་ཟམ་པ་དང་ཕུག་ལམ་གྱི་བསྡུར་གྲངས་70%ཡན་ཟིན་ཡོད།

    “ལས་ཀ་བྱེད་བཞིན་བྱེད་བཞིན་པཱ་ལགས་ཀྱིས་རྒྱལ་ཁབ་ཀྱི་ཆེད་དུ་འབད་བརྩོན་བྱེད་བཞིན་པ་གཞི་ནས་ཤེས་བྱུང་ལ། འགྲིམ་འགྲུལ་ལམ་ཐིག་རེ་རེ་ནི་མི་མང་པོ་ཞིག་གི་ཚེ་སྲོག་ལམ་ཐིག་ཡིན་པའང་ཤེས་བྱུང”ཞེས་ཀྲང་ཐེང་གིས་བརྗོད་པ་དང་། ཁོང་གིས་མུ་མཐུད“བློ་ཡིད་ཚིམ་ཤོས་ནི་ང་ཚོ་དེར་སྐྱོད་སྐབས་ཁ་ཁུ་སིམ་པ་དང་དེ་ནས་ལོག་སྐབས་ཁྱིམ་ཚང་ཀུན་ཏུ་དགའ་སྤྲོའི་རྣམ་པས་གང་བ་དེ་རེད”ཅེས་བརྗོད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001397207291