བོད་ལྗོངས།
སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་སྨན་དོན་མི་སྣ་841བོད་ལྗོངས་སུ་ཡོང་ནས་བརྒྱུད་རོགས་ཁྲིད་གསུམ་གྱི་ལས་དོན་སྤེལ་བ།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། བོད་ལྗོངས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་བོད་སྐྱོར་སྨན་པ་ལི་ཅ་མོའུ་ནད་ཁང་ནས་དོན་སྐབས་སྒོའི་ཕྱིར་སྒུག་བཞིན་པའི་ལྷ་སའི་གྲོང་མི་སྤེན་པ་བཀྲ་ཤིས་ཀྱིས་གོས་དར་ཞིག་ཁོང་གི་ལག་ཏུ་སྤྲད་ནས། “ངའི་བཟའ་ཟླ་ན་ནས་ལོ་བཅུ་ཙམ་ཕྱིན་པ་བོད་སྐྱོར་སྨན་པ་ཚོས་སྨན་བཅོས་ཡག་པོ་གནང་ནས་ད་ཆ་དྲག་སྐྱེད་བྱུང་འདུག ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་སྤེན་པ་བཀྲ་ཤིས་ཀྱིས་སེམས་འགུལ་ཐེབས་པའི་ངང་བརྗོད།

    ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་རྗེས་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྤེལ་འགོ་ཚུགས་པ་དང་། མིག་སྔའི་བར་སྨན་བཅོས་ཤེས་ལྡན་པ་841བོད་དུ་ཡོང་ནས་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུར་རམ་འདེགས་བྱས་ཡོད།

    ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་རུས་ནད་ཚན་ཁག་གི་ནད་ཁང་དུ་པེ་ཅིང་ཅི་ཧྲུའེ་ཐན་སྨན་ཁང་གི་བོད་སྐྱོར་སྨན་པ་ཀུང་ཞའོ་ཧྥུང(གཡས)དང་པེ་ཅིང་ཐེན་ཐན་སྨན་ཁང་གི་བོད་སྐྱོར་སྨན་པ་ལི་ཅ་མོའུ་ཡིས་ནད་པའི་གློག་པར་ལ་ལྟ་བ། (2017ལོའི་ཟླ་8ཚེས་3ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

    དེ་སྔོན་གྱི“གནས་གཏད་གནས”ཀྱི་བོད་སྐྱོར་བྱེད་ཐབས་དང་མི་འདྲ་བར་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱིས་གཅིག་སྡུད་ཐོག་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་བོད་དུ་བཏང་སྟེ་ཕྱོགས་ཡོངས་ནས་རོགས་སྐྱོར་བྱས་པ་དང་ས་གནས་དེ་གའི་སྨན་བཅོས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་པ་མ་ཟད། བོད་ཀྱི་སྨན་བཅོས་ཀྱི་ཞན་ཆ་རྒྱུན་ཆད་མེད་པར་བསལ་ནས་ས་མཐོའི་མང་ཚོགས་ཀྱིས་དེ་བས་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་ལོངས་སུ་སྤྱོད་ཐུབ་པར་བྱས་ཡོད།

    “པེ་ཅིང་གི་བོད་སྐྱོར་སྨན་པའི་ས་ནས་ཤེས་བྱ་མང་པོ་ཤེས་བྱུང་། ངའི་རྒན་ལགས་དང་པོ་ཀུང་ཞའོ་ཧྥུང་གིས་ང་ལ་རུས་ནད་ཚན་ཁག་གི་རྨ་ཆུང་གཤགས་བཅོས་བྱེད་སྟངས་བསླབ་པ་དངོས་གནས་གོ་ཆོད་པོ་འདུག”ཅེས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་རུས་ནད་ཚན་ཁག་གི་སྨན་པ་བློ་བཟང་ཆོས་འཕེལ་གྱིས་བཤད། ད་ཆ་ཁོང་གིས་བྱང་ཆུབ་པའི་ངང་རྨ་ཆུང་གཤགས་བཅོས་བྱེད་ཐུབ་ཀྱི་ཡོད།

    ལོ་36ལ་སླེབས་པའི་བློ་བཟང་ཆོས་འཕེལ་གྱིས་2020ལོར་པེ་ཅིང་ནས་ཡོང་བའི་བོད་སྐྱོར་སྨན་པ་ཞིག་དགེ་རྒན་དུ་བསྟེན་པ་དང་། རྒན་དབྱང་ཅེ་པེ་ཅིང་ཅི་ཧྲུའེ་ཐན་སྨན་ཁང་ནས་ཡིན་པ་དང་། ཁོང་སླེབས་ནས་ཟླ་བ་གཅིག་ཙམ་མ་སོང་བར་བློ་བཟང་ཆོས་འཕེལ་སོགས་བོད་ཀྱི་ས་གནས་དེ་གའི་སྨན་པར་མཛུབ་ཁྲིད་དང་སྣེ་ཁྲིད་བྱས་ཏེ་གཤགས་བཅོས་བཅུ་གྲངས་བྱས་པ་དེས་བོད་ཀྱི་བྱིས་པའི་རུས་ནད་ཚན་ཁག་གི་ཆེད་ལས་ནད་བརྟག་སྨན་བཅོས་ཀྱི་སྟོང་ཆ་བསྐངས་ཡོད།

    2017ལོའི་ཟླ་5ཚེས་26ཉིན་བོད་སྐྱོར་སྨན་པ་ལི་ཅ་མོའུ(གཡས་ཀྱི་དང་པོ)ཡིས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་བོད་རིགས་སྨན་པའི་སྣེ་ཁྲིད་དེ་སྒལ་ཚིགས་ཀྱི་རྨ་ཁ་ཕྲ་མོའི་གཤགས་བཅོས་བྱེད་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

    སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལག་བསྟར་བྱས་ཚུན་སྨན་བཅོས་ཚོགས་པ་721དང་། ས་གནས་དེ་གའི་སྨན་དོན་མི་སྣ་2031ལ་རོགས་ཁྲིད་བྱས་པ་དང་། སྨན་བཅོས་རྐང་འཛིན་མི་སྣ་4000ཙམ་གསོ་སྐྱོང་བྱས་པས་རོགས་སྐྱོར་བྱ་ཡུལ་སྨན་ཁང་གི་སྨན་པ་192ཀྱིས་རང་རྐྱ་འཕེལ་བའི་སྒོ་ནས་གཤགས་བཅོས་གསར་པ་རིགས་1ནས་2བར་བྱེད་ཐུབ་ཀྱི་ཡོད་པས་ནད་གཞི་ཆེ་གྲས་རིཌ་400ལྷག་ཙམ་བོད་དུ་བཅོས་ཐུབ་པ་དང་། “ནད་འབྲིང”མང་ཆེ་བ་གྲོང་ཁྱེར(ས་ཁུལ)ནས་བཅོས་ཐུབ་ཀྱི་ཡོད།

    བོད་སྐྱོར་སྨན་པ་སླེབས་པ་དེས་བོད་ཀྱི་ས་གནས་སྨན་ཁང་གི་ཚན་ཞིབ་ཆུ་ཚད་ཆེས་ཆེར་མཐོ་རུ་ཕྱིན་ཡོད། གྲངས་གཞི་ལས་མངོན་པར། ནང་སའི་སྨན་ཁང་གིས“སྨན་ཁང་གིས་ཚན་ཁག་འགན་གཙང་ལེན་པའི”བྱེད་ཐབས་བརྒྱུད་ནང་སའི་སྔོན་ཐོན་ཉམས་མྱོང་དང་ལག་རྩལ་གྱི་གྲུབ་འབྲས་1061ཁྱབ་གདལ་བཏང་བ་དང་། ལག་རྩལ་གྱི་དཀའ་གནད་1305མཉམ་དུ་འགག་སྒྲོལ་བྱས་པ། ས་ཁོངས་ནང་གི་སྨན་བཅོས་ལག་རྩལ་གྱི་སྟོང་ཆ་1541བསྐངས་པ་བཅས་བྱས་ཡོད།

    “བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་སྔོན་ཐོན་གྱི་ལག་རྩལ་དང་དོ་དམ་གྱི་འདུ་ཤེས་ཁྱབ་གདལ་བཏང་ནས་བོད་ཀྱི་ས་གནས་དེ་གའི་སྨན་བཅོས་ཀྱི་སྟོང་ཆ་མང་པོ་གསབ་པ་མ་ཟད། ས་གནས་དེ་གར་ནམ་ཡང་གནས་ཐུབ་པའི་སྨན་བཅོས་ཤེས་ལྡན་མི་སྣ་ཁག་གཅིག་སྐྱེད་སྲིང་བྱས་ཡོད”ཅེས་བོད་རང་སྐྱོང་ལྗོངས་ཏང་གི་སློབ་གྲྭའི་སློབ་སྤྱི་གཞོན་པ་ཝན་ཏའེ་ཞི་ཡིས་བརྗོད།

གྲངས་གཞིའི་ཐོག་ནས་བོད་ལྗོངས་གླེང་། —— ཤིན་ཧྭ་གསར་འགྱུར་ཁང་གི་མཉམ་འདྲེས་སྨྱན་སྦྱོར་གྱི་མུ་འབྲེལ་གསར་འགྱུར་ཆེད་སྒྲིག

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001398623001