བོད་ལྗོངས།
ཨེ་ཙིའི་ནད་བརྟག་དཔྱད་ཚད་ལེན་དང་གཏན་འཁེལ་གྱི་ཚོད་ལྟ་ཁང་བོད་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཚང་མར་ཁྱབ་རེ་ཡོད་པ།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། བོད་རང་སྐྱོང་ལྗོངས་ཀྱིས་ས་ཁུལ་དང་གྲོང་ཁྱེར་རིམ་པའི་ཨེ་ཙིའི་ནད་བརྟག་དཔྱད་ཚད་ལེན་དང་གཏན་འཁེལ་གྱི་ཚོད་ལྟ་ཁང་འཛུགས་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། 2018ལོར་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་ཚང་མར་ཚོད་ལྟ་ཁང་ཁྱབ་རེ་ཡོད་པ་དེས་ཨེ་ཙིའི་ནད་ལ་བརྟག་དཔྱད་ཚད་ལེན་བྱེད་པར་ཆེད་ལས་ལག་རྩལ་གྱི་རྒྱབ་སྐྱོར་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།

    “འཛམ་གླིང་ཨེ་ཙིའི་ནད་ཀྱི་ཉིན་མོ”ཐེངས་སུམ་ཅུ་པ་ཤར་བའི་མཚམས་འདིར་གསར་འགོད་པར་བོད་རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་གྱིས་ད་ཡོད་ཀྱི་ཨེ་ཙིའི་ནད་བརྟག་དཔྱད་ཚད་ལེན་གཏན་འཁེལ་གྱི་ཚོད་ལྟ་ཁང་འཐུས་སྒོ་ཚང་དུ་བཏང་བ་དང་། ཉིང་ཁྲི་གྲོང་ཁྱེར་གྱི་ཨེ་ཙིའི་ནད་བརྟག་དཔྱད་ཚད་ལེན་དང་གཏན་འཁེལ་གྱི་ཚོད་ལྟ་ཁང་བསྐྲུན་ཟིན་པ། ཆབ་མདོ་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར། ནག་ཆུ་ས་ཁུལ། མངའ་རིས་ས་ཁུལ་བཅས་ཀྱི་ཨེ་ཙིའི་ནད་བརྟག་དཔྱད་ཚད་ལེན་དང་གཏན་འཁེལ་གྱི་ཚོད་ལྟ་ཁང་སྐྲུན་པའི་ལས་དོན་ལ་གྲ་སྒྲིག་ཧུར་ཐག་བྱེད་བཞིན་ཡོད་པ་དང་སྦྲགས། སང་ལོ་ཁས་ལེན་དཔང་འདོན་ཐུབ་རེ་ཡོད་པ་རེད། བོད་རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཨེ་ཙའིི་ནད་འགོག་བཅོས་སུའོ་ཡི་སུའོ་ཀྲང་རྡོ་རྗེ་དབང་མོས“སྐབས་དེར་ཨེ་ཙིའི་ནད་བརྟག་དཔྱད་ཚད་ལེན་དང་གཏན་འཁེལ་གྱི་ཚོད་ལྟ་ཁང་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་ཚང་མར་ཁྱབ་རྒྱུ་རེད”ཅེས་བརྗོད།

    ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ཨེ་ཙིའི་ནད་ཀྱི་ལྟ་ཞིབ་ཚད་ལེན་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་ཚོད་ལྟ་ཁང་གི་བརྟག་དཔྱད་ཚད་ལེན་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པས། དུས་ཐོག་ཏུ་ཨེ་ཙིའི་ནད་པ་ཤེས་རྟོགས་བྱེད་པར་ནུས་པ་གལ་ཆེན་ཐོན་ཡོད། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱི་གྲངས་གཞི་ལས་མངོན་པར། ལྗོངས་ཡོངས་ཀྱི་རིམ་ཁག་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ཨེ་ཙིའི་ནད་བརྟག་དཔྱད་ཚད་ལེན་གྲངས་འབོར་དེ་2016ལོའི་མི་ཐེངས་ཁྲི་4.3ནས་2017ལོའི་མི་ཐེངས་ཁྲི་6.6བར་འཕར་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001368170041