བོད་ལྗོངས།
རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་མིང་འདོན་བྱ་དགའ་ཐོབ་མཁན་ཆབ་མདོ་གྲོང་ཁྱེར་རི་ཐུང་ཤང་འཕྲོད་བསྟེན་ཁང་གི་ཡོན་ཀྲང་དྲང་སྲོང་གི་སྐོར་བཀོད་པ།

    ལོ་6ལ་སླེབས་སྐབས་ཕ་དང་མཉམ་དུ་གསོ་བ་རིག་པ་སྦྱོང་འགོ་ཚུགས། ལོ་14ལ་སླེབས་སྐབས་ནད་ཐོག་སྨན་བཅོས་ལས་ལ་གཞོལ། ལོ་24ལ་སླེབས་སྐབས་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་རི་ཐུང་ཤང་འཕྲོད་བསྟེན་ཁང་གི་ཡོན་ཀྲང་བྱས། ད་ཆ་ལོ་65ལ་སླེབས་པའི་ཁོང་ནི་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་མྱོང་བའི་བོད་ཀྱི་གསོ་བ་རིག་པའི་སྨན་རམས་པ་གཞོན་པ་དང་རི་ཐུང་ཤང་འཕྲོད་བསྟེན་ཁང་གི་ཡོན་ཀྲང་དང་རི་ཐུང་བོད་སྨན་ཞིབ་བཟོ་ལྟེ་གནས་ཀྱི་བོད་སྨན་བཟོ་གྲྭའི་ཁྲང་ཀྲང་གི་འགན་གཅིག་ལྕོགས་ཁུར་བཞིན་པའི་དྲང་སྲོང་རེད།

    ཁོང་ནི་ཁ་རུབ་ཆུས་ཀྱི་བོད་ལུགས་སྨན་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྟེ། “ཆབ་མདོ་རྫོང་དཔལ་ལུང་ཁྱད་ལྡན་བོད་ཀྱི་གསོ་བ་རིག་པའི”རྒྱུན་འཛིན་པ་མི་རབས་བརྒྱད་པ་དེ་ཡིན།

    རི་ཐུང་ཤང་ནི་ས་མ་འབྲོག་གི་ཤང་ཞིག་ཡིན་པ་དང་། ནད་པ་མང་ཆེ་བ་ཁྱིམ་ཚང་དབུལ་བས་དྲང་སྲོང་གིས་ནད་པའི་དོན་དངོས་གནས་ཚུལ་ལ་གཞིགས་ནས་བཀོད་སྒྲིག་འོས་འཚམ་བྱེད་ཀྱི་ཡོད་པ་དང་། ལ་ལར་རིན་མི་དགོས་པར་སྨན་བཅོས་བྱེད་ཀྱི་ཡོད་པ་མ་ཟད། ད་དུང་འཚོ་བར་ལྟ་རྟོག་ཀྱང་བྱེད་ཀྱི་ཡོད།

    ལོ་ཤས་གོང་རི་ཐུང་ཤང་ཝ་སྣེ་གྲོང་ཚོའི་གྲོང་མི་བུ་དགའི་རྐང་པ་གཡས་པར་འབྲས་སྐྲན་ཕོག་པ་བརྟག་དཔྱད་ཐུབ་ནས་སྨན་པས་རྐང་པ་གཅོད་དགོས་པའི་བསམ་འཆར་བཏོན། དྲང་སྲོང་གིས་ཤེས་རྗེས་སེར་སྣ་མེད་པར་བུ་དགར་སྒོར་3000སྦྱིན་པ་མ་ཟད། ད་དུང་གཤགས་བཅོས་བྱས་ཟིན་རྗེས་ཁོང་ལ་སླར་ཡང་སྒོར་2000རི་བའི་རྐང་ཚབ་ཞིག་ཉོས་པ་རེད།

    དེ་ལྟ་བུའི་གནས་ཚུལ་བགྲངས་ཀྱིས་མི་ལངས་བ་ཞིག་ཡོད་ཅིང་། འཕྲོད་བསྟེན་ཁང་གི་ལས་བཟོའི་བག་ཆགས་སུ་ནད་པ་མང་པོ་སྨན་ཁང་དུ་སྡོད་པའི་དངུལ་མེད་པས་དྲང་སྲོང་གི་ཁྱིམ་དུ་སྡོད་པ་དང་། ལྟོ་ཆས་ཟ་བའི་དངུལ་མེད་སྐབས་དྲང་སྲོང་འཚོལ་བ་མ་ཟད། ད་དུང་མང་ཚོགས་འགའ་ཤས་དྲག་སྐྱེད་བྱུང་ནས་ཁྱིམ་དུ་ལོག་པའི་ལམ་གྲོན་མེད་སྐབས་དྲང་སྲོང་གིས་རླངས་འཁོར་མངགས་ནས་ཁོང་ཚོ་ཁྱིམ་དུ་སྐྱེལ་བའམ་ཡང་ན་ལམ་གྲོན་སྤྲོད་ཀྱི་ཡོད། འཕྲལ་མར་གཤགས་བཅོས་བྱེད་དགོས་པའི་ནད་པ་འཕྲད་སྐབས། ཁོང་གིས་སྨན་དོན་མི་སྣ་མངགས་ནས་གྲོང་ཁྱེར་གྱི་སྨན་ཁང་དུ་སྐྱེལ་བ་མ་ཟད། ད་དུང་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་ནད་པར་རླངས་འཁོར་གཡར་བའི་རིན་པ་དང་གཏའ་དངུལ་ལ་སོགས་སྤྲོད་ཀྱི་ཡོད།

    འཁང་ར་གང་ཡང་མེད་པར་དྲང་སྲོང་གིས་རང་ནུས་ཡོད་རྒུས་ནད་པ་མང་པོར་རོགས་པ་བྱེད་ཀྱི་ཡོད།

    འཕྲོད་བསྟེན་ཁང་གི་སྨན་བཅོས་མ་གནས་དམའ་རུ་བཏང་ནས་ནད་པའི་སྨན་བཅོས་ཁུར་པོ་ཡང་དུ་གཏོང་ཆེད། ས་གནས་དེ་གའི་རིམ་ཁག་ཏང་ཨུད་དང་། སྲིད་གཞུང་། སྤྱི་ཚོགས་ཀྱི་མི་སྣ་བཅས་ཀྱི་སྐུལ་ལྕག་དང་རྒྱབ་སྐྱོར་འོག་དྲང་སྲོང་གིས་ཕྱོགས་མང་པོའི་ས་ནས་མ་དངུལ་གྲབས་གསོག་བྱས་ཏེ་1995ལོར་ཆབ་མདོའི་རི་ཐུང་བོད་སྨན་ཞིབ་བཟོ་ལྟེ་གནས་ཀྱི་བོད་སྨན་བཟོ་གྲྭ་བཙུགས་པ་རེད། དེ་ནས་བཟུང་ཁོང་གིས་ནད་པར་ཉིན་ལྟར་སྨན་བཅོས་རྒྱུན་འཁྱོངས་བྱས་པ་མ་ཟད། ད་དུང་སྨན་བཟོ་གྲྭའི་དོ་དམ་ལས་དོན་ལ་དམ་འཛིན་ནན་པོ་བྱས་ནས་སྨན་གྱི་སྤུས་ཚད་ཀྱི་འགག་སྒོ་ནན་པོ་སྲུང་གི་ཡོད།

    ད་ཆ་བོད་སྨན་བཟོ་གྲྭ་ནས་བོད་སྨན་རིགས་300ལྷག་ཙམ་ཐོན་སྐྱེད་བྱེད་ཀྱི་ཡོད་པས་འཕྲོད་བསྟེན་ཁང་དང་ས་གནས་དེ་གའི་འཛད་སྤྱོད་པའི་དགོས་མཁོ་སྐོང་པ་མ་ཟད། ད་དུང་ཀོང་ཏུང་དང་། ཀྲེ་ཅང་། ཧྲན་ཏུང་། སི་ཁྲོན། ཐན་ཅིན་སོགས་ཞིང་ཆེན་དང་གྲོང་ཁྱེར་20ལྷག་ཙམ་དུ་ཕྱིར་ཚོང་བྱས་པར་དཔལ་འབྱོར་གྱི་ཕན་འབྲས་བཟང་པོ་ཐོབ་ཡོད།

    གཏམ་སྤྱོད་རེ་རེ་བཞིན་ལས་སྨན་པའི་བྱམས་སྙིང་རྗེའི་བསམ་པ་མངོན་པ་དང་། གཟི་བརྗིད་རེ་རེ་ལས་དྲང་སྲོང་ལ་གདེང་འཇོག་གང་ལེགས་བྱེད་པ་མཚོན། 1991ལོར་ཁོང“ཤང་གྲོང་འཕྲོད་བསྟེན་ཁང་གི་རྒྱལ་ཡོངས་ཀྱི་ཕུལ་བྱུང་ཡོན་ཀྲང”དུ་བདམས་པ་དང་། 2000ལོར“རྒྱལ་ཡོངས་ཀྱི་ཕུལ་བྱུང་ཤང་གྲོང་ཁེ་ལས་ཀྱི་ཁྲང་ཀྲང”དུ་བདམས་པ། 2005ལོར་རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་བ་རིག་པའི་དོ་དམ་ཅུས་ཀྱིས“རྒྱལ་ཡོངས་གྲོང་གསེབ་ཀྱི་གཞི་རིམ་ཕུལ་བྱུང་ཀྲུང་ལུགས་སྨན་པར”བདམས་པ། 2016ལོར་སྐབས་ལྔ་པའི་བོད་རང་སྐྱོང་ལྗོངས་ཀྱི་ཀུན་སྤྱོད་དཔེ་བཟང་བའི་མཚན་སྙན་ཐོབ་པ་ལ་སོགས་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001368226291