བོད་ལྗོངས།
བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་འཕྲོད་བསྟེན་བདེ་ཐང་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་སྟོབས་ཆེར་ཕྱིན་པ།

    བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60ཡི་རིང་བོད་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་གི་གྲུབ་འབྲས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་འཚོགས་པ་རེད། ཡོངས་བསྒྲགས་ཚོགས་འདུར་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་སྐལ་བཟང་གཡུ་སྒྲོན་གྱིས་དམངས་གཙོའི་བཅོས་སྒྱུར་བྱས་ཚུན། བོད་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ཡོད་ཅེས་བརྗོད་པ་རེད།

    ཁོང་གིས། མིག་སྔར་བོད་ཀྱི་རྒྱ་ཆེའི་མི་དམངས་མང་ཚོགས་ལ་གནོད་སྐྱོན་ཚབས་ཆེན་བཟོ་བའི་འགོ་ནད་དང་ཡུལ་ནད་ཚོད་འཛིན་ནུས་ལྡན་ཐུབ་པ་དང་། བུད་མེད་དང་བྱིས་པའི་བདེ་ཐང་གི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཏེ་མི་རེའི་ཆ་སྙོམས་ཀྱི་ཚེ་ཚད་དམངས་གཙོའི་བཅོས་སྒྱུར་གོང་གི་ལོ་35.5ནས་ལོ་70.6བར་མཐོ་རུ་སོང་ནས་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་མྱུར་པོ་བྱུང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དྲ་རྒྱ་གཞི་རྩའི་ཆ་ནས་བཙུགས་པ་དང་འབྲེལ། རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་སོང་བ་དང་། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་། ཤང་། གྲོང་ཚོ་བཅས་རིམ་ལྔའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་དམངས་ཚོགས་ལ་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད། ནད་པས་སྨན་པ་བསྟེན་སྐབས་བང་ཉུང་ཙམ་སྒྲིག་པ་དང་འགྲོ་འོང་མང་པོ་བྱེད་མི་དགོས་པ་བྱ་ཆེད། ན་ནིང་གི་ཟླ་4ཚེས་1ཉིན་ནས་བོད་དུ་དྲ་ཐོག་ནས་ཨང་ཀི་སྔོན་མངགས་བྱེད་ཐུབ་ཀྱི་ཡོད། མིག་སྔར་ཁྱོན་མི་ཐེངས་27633ཡིས་དྲ་ཐོག་ནས་ཨང་ཀི་སྔོན་མངགས་བྱེད་ཐུབ་ཡོད་ཅེས་སྐལ་བཟང་གཡུ་སྒྲོན་གྱིས་ངོ་སྤྲོད་བྱས་པ་རེད།

    “ང་ཚོས་ད་དུང་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་། སྟོད་ལུང་། སྟག་རྩེ། ལྷུན་གྲུབ། མལ་གྲོ་གུང་དཀར་སོགས་རྫོང་དང་ཆུས་བཞི་ཡི་མི་དམངས་སྨན་ཁང་དང་། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་7དུ་རིག་ནུས་སྨན་བཅོས་མ་ལག་ཚོད་ལྟའི་ལས་དོན་སྤེལ་ཡོད། གོམ་སྟབས་རྗེས་མར་རིག་ནུས་སྨན་བཅོས་ཁྱབ་སྤེལ་གཏོང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད”

    སྐལ་བཟང་གཡུ་སྒྲོན་གྱིས་བོད་ནི་ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཁྱབ་ཁོངས་ཆེ་བས་གཞི་རིམ་མང་ཚོགས་ཚོས་ནད་ལྟ་བ་དང་སྨན་བཅོས་བྱ་རྒྱུར་སྟབས་བདེ་བསྐྲུན་ཆེད་འཕྲོད་བསྟེན་བདེ་ཐང་སྡེ་ཚན་གྱིས་ཐབས་ཤེས་མང་པོ་སྤྱད་ཡོད། རིམ་གསུམ་སྨན་ཁང་86གིས་བོད་ཀྱི་རྫོང་74ཡི་སྨན་བཅོས་སྒྲིག་གཞི་85ལ་ཁ་གཏད་རོགས་སྐྱོར་བྱས་ཏེ་ཁ་གཏད་རོགས་སྐྱོར་ལམ་སྲོལ་དང་། གཞི་རིམ་གྱི་སྐོར་སྐྱོད་ནད་བརྟག་སྨན་བཅོས། རྒྱང་བསྟེན་སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་པ། རྫོང་ཁོངས་ཀྱི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་སོགས་ཀྱི་བྱ་ཐབས་བརྒྱུད། གཞི་རིམ་མང་ཚོགས་ཀྱི་ནད་ལྟ་དཀའ་བའི་གནད་དོན་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་ཐག་གཅོད་ཐུབ་ཡོད་ཅེས་བརྗོད་པ་རེད།

    ནད་གཞིས་རྐྱེན་པས་དབུལ་པོ་ཆགས་པ་དང་ནད་གཞིས་རྐྱེན་པས་དབུལ་པོ་རང་ལོག་གི་གནད་དོན་ལ་དམིགས་ནས། 2016ལོ་ཚུན་དུ་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས“གཅིག་རེ་གསུམ”གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་པ་དང་། ནད་གཞིས་རྐྱེན་པས་དབུལ་པོ་ཆགས་པ་དང་ནད་གཞིས་རྐྱེན་པས་དབུལ་པོ་རང་ལོག་གི་མི་འབོར་2016ལོའི་མི་གྲངས་63394ནས་མིག་སྔའི་མི་གྲངས་7005བར་ཆག་ཡོད་པ་རེད།

    ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ཐད། བོད་དུ་ཐུམ་འབུའི་ནད་ཕོག་པའི་ནད་པ་སྨན་བཅོས་ཐུབ་རིགས་ལ་སྨན་བཅོས་བྱས་པ་དང་། འདུས་འདྲིལ་གཅོང་ནད་དང་། ནད་དུག་རང་བཞིན་གྱི་མཆིན་ཚད། གྲུམ་བུའི་ནད(རུས་ཚིགས་ཀྱི་ནད) “ནད་ཆེན་གསུམ”གྱི་གཙོ་གནད་མི་ཚོགས་ཀྱི་གྲལ་བཤེར་ལས་དོན་ཚད་བརྒལ་ངང་ལེགས་གྲུབ་བྱུང་ཡོད། མ་བུ་འཕྲོད་སྦྱོར་གྱི་བདེ་ཐང་ལས་དོན་དེ་བུད་མེད་དང་ཕྲུ་གུའི་ཚེ་སྲོག་རྒྱུན་འཁོར་ཧྲིལ་པོར་ཁྱབ་པའི་སྤྱི་ཡོངས་ཀྱི་ཞབས་ཞུ་རིམ་བཞིན་རྒྱ་སྐྱེད་བྱུང་སྟེ་གཉེན་སྒྲིག་མ་བྱས་གོང་དང་། ཕྲུ་གུ་མ་འཁོར་གོང་། ཕྲུ་གུ་འཁོར་བའི་དུས། ཕྲུ་གུ་བཙས་རྗེས། ཕྲུ་གུ་སོགས་དུས་མཚམས་5ཡི་གཞི་གཅིག་ཅན་གྱི་ཞབས་ཞུའི་སྦྲེལ་ཐག་རགས་ཙམ་གྲུབ་ཡོད་པ་རེད།

    བོད་ལུགས་གསོ་རིག་དང་བོད་སྨན་རྒྱུན་འཛིན་གསར་གཏོད་ཐད། བོད་ཀྱིས་ས་ཁུལ་དང་གྲོང་ཁྱེར་རིམ་པའི་བོད་ལུགས་གསོ་རིག་སྨན་བཅོས་སྒྲིག་གཞི་6དང་རྫོང་རིམ་པའི་བོད་ལུགས་གསོ་རིག་སྒྲིག་གཞི་35ལོགས་སུ་བཙུགས་ཡོད། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་སོགས་ཀྱི་སློབ་གྲྭ་དང་སྒྲིག་གཞིའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་པ་བརྒྱུད། བོད་ཀྱི་གསོ་བ་རིག་པའི་མཐོ་རིམ་ཤེས་ལྡན་མི་སྣ་དང་། ལག་རྩལ་རྐང་འཛིན་པ། གཞི་རིམ་གྱི་གོ་ཆོད་པའི་ཤེས་ལྡན་མི་སྣ་བཅས་ཀྱི་དཔུང་ཁག་ཅིག་གཞི་རྩའི་ཆ་ནས་གྲུབ་ཡོད། སྲོལ་རྒྱུན་རྨང་གཞིར་བྱས་པའི་བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་གསར་གཏོད་ཀྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་དང་། མཆིན་ནད་དང་། ཕོ་བ་དང་རྒྱུ་མའི་ནད། པགས་ནད། བུད་མེད་ཀྱི་ནད་སོགས་ཀྱི་སྨན་བཅོས་ཐད་ཚད་བརྒལ་བྱུང་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001386733041