བོད་ལྗོངས།
བོད་མི་དམངས་ཀྱི་སྨན་པ་བཟང་པོ་ཅང་དབྱིན།

    1953ལོར་ལོ་25ལ་སླེབས་པའི་ཅང་དབྱིན་ཧྲང་ཧའེ་གསོ་རིག་སློབ་གླིང་ནས་ཐོན་རྗེས། བོད་ལྗོངས་གཞིས་རྩེ་ས་ཁུལ་དུ་ལས་ཀར་བསྐྱོད། སྐབས་དེ་དུས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱིས་མི་རྣམས་ཀྱི་བསམ་བློ་བཅིངས་ནས་ཞིང་བྲན་དབུལ་པོར་ནད་གཞི་ཕོག་སྐབས་སྨན་པ་བསྟེན་ཐབས་བྲལ་བས་ལྷ་ལ་གསོལ་བ་སྨོན་ལམ་འདེབས་རྒྱུ་ལས་མ་འདས། བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་ཀྱི་ཤུགས་རྐྱེན་འོག་ཕྲུ་གུ་སྐྱེ་སར་མི་གཞན་བསྡད་མི་ཆོག་པ་དང་སྦྲུམ་མས་ལུག་ཚང་དུ་ཕྲུ་གུ་སྐྱེ་དགོས་ཀྱི་ཡོད། གནད་དོན་དེ་དག་འཕྲད་སྐབས་ཅང་དབྱིན་གྱིས་སྨན་སྒམ་སྒལ་པར་ཁུར་ནས་མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་དེ་དཀའ་སྤྱད་ཀྱི་སྨན་བཅོས་བྱེད་འགོ་ཚུགས་ཡོད། ཁོང་གིས་གང་ཞིག་ཏུ་ནད་པ་དང་སྦྲུམ་མ་ཡོད་པ་ཤེས་ཚེ་ལམ་ཐག་ཇི་ཙམ་རིང་ཡང་སྒོ་ཁར་སྨན་བཅོས་བྱེད་པར་བསྐྱོད་པ་དང་ཆབས་ཅིག ཏང་གི་མི་རིགས་སྲིད་ཇུས་དྲིལ་བསྒྲགས་བྱེད་ཀྱིན་མང་ཚོགས་ཀྱི་ནད་བཅོས་ཀྱི་ཡོད། དེས་མ་ཚད་ད་དུང་མང་ཚོགས་ཀྱི་ས་ནས་བོད་སྐད་སློབ་སྦྱོང་དང་མང་ཚོགས་དང་མཉམ་དུ་རྩམ་པ་ཟ་བ་དང་ཇ་བསྲུབས་མ་བཏུངས་ནས་ཐབས་ཤེས་གང་ཡོད་ཀྱིས་མང་ཚོགས་དང་གྲོགས་པོ་སྒྲིག་ཐབས་བྱེད་ཀྱི་ཡོད། དེ་ལྟར་ཅང་དབྱིན་གྱིས་རང་ཉིད་ཀྱི་ལྷག་བསམ་དང་བྱ་སྤྱོད་དངོས་ལ་བརྟེན་ནས་བོད་རིགས་མང་ཚོགས་ཀྱི་ཡིད་ཆེས་ཐོབ་ཐབས་བྱས་པར་ནད་ལྟ་བར་ཡོང་མཁན་དེ་བས་མང་དུ་ཕྱིན།

    1954ལོའི་དཔྱིད་དུས་ཀྱི་ཉིན་ཞིག་སྨན་ཁང་གིས་གཞིས་རྩེ་རྫོང་རྒྱ་མཚོ་ཆུས་ཀྱི་སྦྲུམ་མ་ཞིག་ཉར་བ་རེད། ཕྲུ་གུ་སྐྱེ་དཀའ་བར་བརྟེན་སྦྲུམ་མ་དེ་དྲན་པ་ཐོར་བས་ཅང་དབྱིན་གྱིས་འཕྲལ་མར་ཕྱུར་སྐྱོབ་བྱས། གཤགས་བཅོས་བྱེད་རིང་ཁྲག་མཛོད་ཀྱི་ཁྲག་མི་འདང་བར་བརྟེན་སྐབས་ཤིག་ཁྲག་རིགས་འཚམ་པའི་མི་རྙེད་མེད། གཤགས་བཅོས་བྱེད་མཁན་སྨན་པ་གཙོ་བོ་ཅང་དབྱིན་གྱིས་རང་ཉིད་ཀྱི་ལག་ནས་ཁྲག་བཙག་པའི་ཐག་བཅད་དེ“ངའི་ཁྲག་Oཡིན་པས་མགྱོགས་པོ་འཐེན་དང”ཞེས་རྗོད་སྐབས་ལས་རོགས་ཚོས་ཁོང་གི་གཟུགས་པོ་ཡག་པོ་མེད་པའི་ཁར་ད་དུང་ནད་པར་གཤགས་བཅོས་བྱེད་དགོས་པས་ཐེ་ཚོམ་དུ་གྱུར། ཅང་དབྱིན་གྱིས་དངངས་འཚབ་ཆེན་པོའི་སྒོ་ནས“ཐེ་ཚོམ་བྱེད་དགོས་དོན་མེད། མི་སྐྱོབ་རྒྱུ་གལ་ཆེ”ཞེས་བརྗོད། ནད་པར་ཁྲག་བླུགས་རྗེས་ཁོང་སྔར་བཞིན་གཤགས་བཅོས་ཁང་དུ་མུ་མཐུད་གཤགས་བཅོས་བྱེད་པར་བསྐྱོད། ཕྲུ་གུ་དམར་འབྱར་སྐྱེས་མ་ཐག་ཁ་དང་སྣ་ཁུག་འགགས་ནས་དབུགས་གཏོང་དཀའ་བ་དང་སྲོག་ལ་ཉེན་ཁ་འཕྲད། ཅང་དབྱིན་གྱིས་ཕྲུ་གུ་དམར་འབྱར་དེ་པང་དུ་བླངས་ནས་རང་ཉིད་ཀྱི་ཁས་ཕྲུ་གུའི་ཁ་དང་སྣ་ཁུག་འགགས་པ་བསངས་རྗེས་ཕྲུ་གུའི་སྒལ་པར་དལ་བུར་ཅག་ཅག་བྱས། ཡུད་ཙམ་ནས་ཕྲུ་གུ་དམར་འབྱར་གྱིས་ངུ་སྐད་བརྒྱབ་ནས་གསོན་པར་གྱུར། གཤགས་བཅོས་མཇུག་འགྲིལ་རྗེས་ཅང་དབྱིན་གྱི་གདོང་སྐྱ་བོར་གྱུར་བ་དང་ལུས་པོ་ཐང་ཆད་དེ་གོམ་པའང་སྤོ་དཀའ་བར་གྱུར། ལས་རོགས་ཚོས་ཁོང་བསྐྱོར་ནས་ཁྱིམ་དུ་བསྐྱལ་ཀྱང་ཉིན་གཉིས་པའི་ཞོགས་པ་སླར་ཡང་ནད་པའི་འགྲམ་དུ་སླེབས་ཡོད། དེ་ལྟར་ནད་བཅོས་སྲོག་སྐྱོབ་མང་པོ་བྱེད་རིང་ཅང་དབྱིན་གྱིས་རང་ཉིད་ཀྱི་ཁྲག་བོད་རིགས་མི་དམངས་ཀྱི་ཁྲག་དང་མཉམ་དུ་འདྲེས་པ་མ་ཟད། རང་ཉིད་ཀྱི་སེམས་པ་བོད་རིགས་མི་དམངས་ཀྱི་སེམས་པ་དང་གཅིག་ཏུ་སྦྲེལ་བར་བྱས་ཡོད། བོད་རིགས་མང་ཚོགས་ཚང་མས་བྱམས་བརྩེའི་ངང་ཁོང་ལ“ང་ཚོའི་ཨེམ་ཆི་ལགས”དང“རྗེ་བཙུན་སྒྲོལ་མ”ཞེས་འབོད་ཀྱི་ཡོད།

    1982ལོའི་ཟླ་12ཚེས་15ཉིན་ཅང་དབྱིན་ལ་གཤེར་མའི་ངན་སྐྲན་ཕོག་ནས་སྨན་བཅོས་བྱས་ཀྱང་དྲག་སྐྱེད་མ་བྱུང་བར་གྲོངས་པ་དང་གྲོངས་སྐབས་དགུང་ལོ་54ཡིན་པ་རེད། ཚེས་18ཉིན་དེར་གཞིས་རྩེ་གྲོང་རྡལ་གྱི་མཁའ་དབྱིངས་སུ་དུ་ཞག་གིས་ཁེངས་པ་ལྟར་གྱུར་ཡོད། མི་ཚོས་དཔུང་པར་དཔུང་རས་ནག་པོ་དང་བྲང་ཁོག་ཏུ་མེ་ཏོག་དཀར་པོ་བཏགས་ནས་མེ་ཏོག་སི་ར་ཁུར་ཏེ་སྐྱོ་གདུང་གིས་མནར་བཞིན་ཅང་དབྱིན་ལ་མྱ་ངན་ཞུ་བའི་ཚོགས་འདུར་ཞུགས། མྱ་ངན་ཞུ་བའི་སྐྱོ་སྣང་གི་གླུ་སྒྲའི་ཁྲོད་ལོ་ན་གཞོན་པའི་སྨན་པ་དང་སྨན་གཡོག་ཚོས་ངུ་འབོད་བྱེད་བཞིན“རྒན་ཅང་ལགས། ཁྱེད་ལོག་ཕེབས་ནས་ང་ཚོར་སྨན་བཅོས་ལག་རྩལ་སློབ་པའི་ཞལ་བཞེས་གནང་བྱུང”ཞེས་བརྗོད་པ་དང་བསྟུན་མྱ་ངན་ཞུ་བའི་མི་ཚོགས་ཁྲོད་ཕོ་ཉམས་དོད་པའི་ཕོ་གསར་གྱིས་མཆི་མ་གཏོང་བ་དང་། བློ་སྟོབས་ཆེ་བའི་བུ་མོ་ཚོས་མཆི་མ་གཏོང་བ། སྤོབས་ཉམས་ཆེ་བའི་ཨ་ཅག་ལགས་ཀྱིས་མཆི་མ་གཏོང་བ། ཐ་ན་ལོ་བཅུ་ལྷག་ཙམ་ལ་སོན་པའི་ལོ་ཆུང་བྱིས་པ་དང་ལོ་བདུན་བརྒྱད་ལ་སླེབས་པའི་ཕྲུ་གུས་ཀྱང་ངུས་ནས“ཨ་མ་ཅང་ལགས། ང་ཚོ་ཁྱེད་དྲན་གྱི་འདུག”ཅེས་བརྗོད། བོད་རིགས་རྒན་མོ་ཞིག་གིས་ཀྱང་མཆི་མ་གཏོང་བཞིན་དུ“དཀོན་མཆོག་མཁྱེན། ང་ཚོར་ཁྱེད་མེད་ཐབས་མེད”ཅེས་ངུ་འབོད་བྱས།

    མི་ཚོས་ཅང་དབྱིན་སྐུ་འཚོ་ཞུགས་སྐབས་ཏང་ལ་ཞུགས་པའི་འདུན་ཞུའི་ཡི་གེའི་ནང“བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུས་ནས་ཆ་རྐྱེན་དང་རིན་དོད་གང་ཡང་མེད་པར་ཏང་གི་བྱ་གཞག་ལེགས་གྲུབ་བྱེད་པ་མ་ཟད། བོད་རིགས་བུད་མེད་ཀྱི་འཕྲོད་སྦྱོར་བྱ་གཞག་ལ་སྟོབས་ཤུགས་མཐའ་དག་ལེགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་བྲིས་ཡོད་པ་མཐོང་ཐུབ། སྐུ་འཚོ་ཞུགས་སྐབས་ཅང་དབྱིན་གྱིས་རང་ཉིད་ཀྱི་བུ་མོར“བུ་མོ་ཁྱེད་ནས་ངའི་སྤུར་ཐལ་ཕྱེད་ཀ་ནང་སར་འཇོག་པ་དང་ཕྱེད་ཀ་བོད་དུ་འཁྱེར་རྒྱུའི་”མངགས་བཅོལ་བྱས་ཡོད། ཅང་དབྱིན་གྲོངས་རྗེས་ཀྱི་ཉིན་གསུམ་པར་གཞིས་རྩེ་ས་ཁུལ་མི་དམངས་སྨན་ཁང་ཏང་རྩ་འཛུགས་ཀྱིས་ཁོང་གི་ཏང་ཞུགས་འདུན་ཞུར་ཆོག་མཆན་གནང་བ་དང་ཆབས་ཅིག ཁོང་ཀྲུང་གོ་གུང་ཁྲན་ཏང་མིར་གྱུར་པ་ཁས་ལེན་བྱས་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001387175471