བོད་ལྗོངས།
《གངས་ལྗོངས་སྨན་རྩིས》ཀྱི་ཏོག་གསར་གློ་ཚད་སྐོར་གྱི་ཆེད་དེབ་དཔེ་སྐྲུན་བྱས་པ།

    ཉེ་ཆར། རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་གཙོ་གཉེར་བྱས་པའི་བོད་ལུགས་གསོ་རིག་གི་ཞིབ་འཇུག་ཆེད་ལས་རིག་གཞུང་དུས་དེབ《གངས་ལྗོངས་སྨན་རྩིས》ཀྱི་ཏོག་གསར་གློ་ཚད་སྐོར་གྱི་ཆེད་དེབ་དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་ཤིང་། ཆེད་དེབ་ཏུ་ཁྱོན་གཉན་རིམས་དང་ཏོག་གསར་གློ་ཚད་སྐོར་གྱི་དཔྱད་རྩོམ་18བཀོད་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། དུས་དེབ་དེར་བཀོད་པའི་དཔྱད་རྩོམ་གྱི་ནང་དོན་གཙོ་བོ་རིགས་ཆེ་གྲས་གཉིས་ལ་དབྱེ་ཡོད་དེ། རིགས་དང་པོ་ནི་སྲོལ་རྒྱུན་གྱི་བོད་ལུགས་གསོ་རིག་གིས་ནད་ཡམས་ལ་ངོས་འཛིན་སྟངས་དང་། རིགས་དབྱེ་སྟངས། བརྟག་ཐབས། ཁྱད་ལྡན་འགོག་བཅོས་བྱ་ཐབས། རིམས་ནད་བཅོས་ཐབས་ཀྱི་མྱོང་བྱང་། སྨན་སྦྱོར་ལག་ལེན། བོད་སྨན་གྱི་འགོག་སྲུང་ཕན་ནུས་སོགས་ཀྱི་ནང་དོན་ཚུད་པ་དང་། རིགས་གཉིས་པར་གཙོ་བོ་བོད་ལུགས་གསོ་རིག་གི་རིགས་པའི་གཞུང་ལུགས་ནས་ཏོག་གསར་གློ་ཚད་རིམས་ནད་ཀྱི་ངོས་འཛིན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་དང་ཆབས་ཅིག ཀྲུང་ཕྱིའི་གསོ་རིག་གི་སྨན་བཅོས་ཇུས་གཞི་དང་སྨན་རྫས་དང་ཟུང་འབྲེལ་བྱས་ཏེ་དེ་མཚུངས་ཀྱི་སྔོན་འགོག་ཚོད་འཛིན་བྱ་ཐབས་དང་སྨན་བཅོས་བྱེད་སྟངས་དབྱེ་ཞིབ་དང་འོས་སྦྱོར་བྱས་ཡོད།

    ཆེད་དེབ་ཏུ་བཀོད་པའི་དཔྱད་རྩོམ་ལ་བསྟན་སྲུང་གྲགས་པ་སོགས་བོད་ལུགས་གསོ་རིག་གི་རིགས་གཅིག་མཁས་ཅན་གྲགས་ཅན་དང་། རང་སྐྱོང་ལྗོངས་སྨན་རྩིས་ཁང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོ་སོགས་ལྗོངས་ནང་ཁུལ་དང་དེ་བཞིན་མཚོ་སྔོན་དང་སི་ཁྲོན་སོགས་བོད་ལུགས་གསོ་རིག་གི་ནད་ཐོག་སྨན་པ་དཀའ་བཅུ་པ་དང་། སྨན་གཉེར་བ། དགེ་རྒན་ཆེ་མོ་བ། ཞིབ་འཇུག་པ་སོགས་ཆེད་ལས་མི་སྣས་བརྩམས་པའི་དཔྱད་རྩོམ་17དང་། ཡོན་ཧྲི་ཀྲུང་ནན་ཧྲན་གྱིས་སྣེ་ཁྲིད་པའི་ཀྲུང་གོའི་ཏོག་གསར་གློ་ཚད་སྨན་བཅོས་རིགས་གཅིག་མཁས་ཅན་རུ་ཁག་གིས་ཉེ་ཆར་སྤེལ་བའི་དབང་གྲགས་ལྡན་པའི་དཔྱད་རྩོམ་བོད་འགྱུར་མ་1བཀོད་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001388617191