བོད་ལྗོངས།
བོད་ལུགས་གསོ་རིག་གི་རིམས་འགོག་ཕན་འབྲས་སྐོར་གྱི་བགྲོ་གླེང་ཚོགས་འདུ་ལྷ་སར་འཚོགས་པ།

    ཉེ་ཆར། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གཙོ་གཉེར་དང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དང་། བོད་རང་སྐྱོང་སྨན་རྩིས་ཁང་། བོད་ལྗོངས་ཆེས་བྲིན་བོད་སྨན་མ་རྐང་ཚད་ཡོད་ཀུང་སི་བཅས་ཀྱིས་གཉེར་འགན་འཁུར་བའི་བོད་ལུགས་གསོ་རིག་གི་རིམས་འགོག་ཕན་འབྲས་སྐོར་གྱི་བགྲོ་གླེང་ཚོགས་འདུ་ལྷ་སར་འཚོགས་ཤིང་། དེའི་དམིགས་ཡུལ་ནི་རྒྱ་བོད་གསོ་རིག་རིགས་གཅིག་མཁས་ཅན་ཚོས་ཏོག་གསར་གློ་ཚད་འགོག་བཅོས་དང་དབུགས་ལམ་གྱི་འགོ་ནད་དང་དེ་བཞིན་འགོ་ནད་གཞན་དག་འགོག་བཅོས་ཐད་ཀྱི་བོད་སྨན་གྱི་ཐུན་མོང་མ་ཡིན་པའི་ཕན་ནུས་སྐོར་བགྲོ་གླེང་བྱས་ནས། བོད་ཀྱི་གསོ་བ་རིག་པ་དུས་བསྟུན་འཕེལ་རྒྱས་ཡོང་བའི་གོམ་སྟབས་མགྱོགས་སུ་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཏང་ཀྲུང་དབྱང་གི་འབོད་སྐུལ་འཕྲལ་དུ་དང་ལེན་ཞུས་ནས་བོད་ལུགས་གསོ་རིག་གི་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ། དུས་ཚོད་དམ་འཛིན་གྱིས《ཏོག་གསར་གློ་ཚད་རིམས་ནད་བོད་སྨན་ལ་བརྟེན་ནས་འགོག་བཅོས་བྱེད་པའི་བོད་རང་སྐྱོང་ལྗོངས་ཀྱི་ཇུས་གཞི》(བོད་ཡིག་དང་རྒྱ་ཡིག་གི་པར་གཞི)ཞིབ་འཇུག་བྱས་ནས་བཟོས་པ་དང་སྦྲགས། ནག་པོ་དགུ་སྦྱོར་དང་། ལོ་གྱོན་མ། འཕྲུལ་ཐང་སོགས་ཏོག་གསར་གློ་ཚད་སྨན་བཅོས་བྱེད་པའི་སྐྱོབ་བཅོས་ཇུས་གཞིའི་ནང་དུས་ཐོག་དང་ཡང་ན་སྔ་ཙམ་ནས་འཇུག་རྒྱུའི་གྲ་སྒྲིག་བྱས་པ་རེད། ཀན་སུའུ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཆེས་བྲིན་བོད་སྨན་གྱིས་ཐོན་སྐྱེད་བྱས་པའི་འཕྲུལ་ཐང་དང་། ལོ་གྱོན་མ། རིན་ཆེན་མང་སྦྱོར་བཅས་ཏོག་གསར་གློ་ཚད་སྔོན་འགོག་དང་། སྨན་བཅོས། དྲག་སྐྱེད་བཅས་ལ་སྤྱད་པ་མ་ཟད། ཧུའུ་པེར་རོགས་སྐྱོར་བྱེད་མཁན་ཀན་སུའུ་ཞིང་ཆེན་གྱི་སྨན་བཅོས་རུ་ཁག་ཁག་དང་པོས་གོང་གསལ་གྱི་སྨན་དེ་དག་གཏན་འཁེལ་བྱུང་བའི་ནད་དཔེ་26གི་སྨན་བཅོས་ཐད་སྤྱད་དེ་ཕན་ནུས་ཡག་པོ་ཐོན་པས་གསོ་རིག་ལས་རིགས་ཀྱིས“བོད་སྨན་ཁྱབ་ཁོངས་ཀྱི་ལམ་ཚད་རྡོ་རིང་གི་བྱ་བཟང”ཞེས་འབོད་ཀྱི་ཡོད་པ་རེད།

    བགྲོ་གླེང་ཚོགས་འདུའི་ཐོག བོད་སྨན་ལ་བརྟེན་ནས་ཏོག་གསར་གློ་ཚད་འགོག་བཅོས་ནང་ཞུགས་མྱོང་བའི་རིགས་གཅིག་མཁས་ཅན་9ཡིས་རང་སོའི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས། ཝུའུ་ཧན་དང་། ཀན་སུའུ། བོད་ལྗོངས་བཅས་ཀྱི་རིམས་འགོག་འཐབ་ས་དང་པོའི་ཁྲོད་ཐོན་པའི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཐུན་མོང་མ་ཡིན་པའི་ཕན་ནུས་ངོ་སྤྲོད་བྱས་པ་དང་། “ཧུའུ་པེར་རོགས་སྐྱོར་བྱེད་མཁན་ཀན་སུའུ་ཡི་སྨན་བཅོས་རུ་ཁག་གི་མི་796དང་ལན་ཀྲོའུ་ཁུལ་གསར་རྗེས་གྲབས་སྨན་ཁང་གི་དབྱི་རན་ནས་རྒྱལ་ཁོངས་སུ་ལོག་མཁན་མི་སྣ་དང་སྨན་ཁང་དུ་ཉར་ནས་ལྟ་ཞིབ་འགོག་བཅོས་བྱེད་མཁན་སྨན་དོན་མི་སྣ་དང་ནད་པ་812ཀྱིས་དུས་མཚམས་མི་འདྲ་བར་འཕྲུལ་ཐང་དང་། ལོ་གྱོན་མ། རིན་ཆེན་མང་སྦྱོར་སོགས་བོད་སྨན་བཏང་ནས་འགོག་བཅོས་བྱས་པས་མི་གཅིག་ལ་ཡང་ཏོག་གསར་གློ་ཚད་འགོས་མེད་པ་རེད”ཅེས་ཀན་སུའུ་ཞིང་ཆེན་མི་དམངས་སྨན་ཁང་གི་གཙོ་འགན་འཁུར་མཁན་སྨན་གཡོག་པ་ཧུའུ་པེར་རོགས་སྐྱོར་བྱེད་མཁན་ཀན་སུའུ་ཡི་ནད་སྐྱོང་རུ་ཁག་གི་རུ་དཔོན་སུང་ཞཱ་ཡིས་བརྗོད།

    དེ་དང་ཆབས་ཅིག ཡོན་ཧྲི་ཀྲུང་ནན་ཧྲན་གྱི་ཚོགས་པའི་ཚན་ཞིབ་མི་སྣ་ཡང་ད་རེས་ཀྱི་བགྲོ་གླེང་ཚོགས་འདུར་ཆེད་མངགས་ཞུགས་ཡོད་པ་དང་། “ཏོག་གསར་གློ་ཚད་སྨན་བཅོས་ཐད་ཐོན་པའི་བོད་སྨན་གྱི་ཕན་ནུས་ལ་ཡོན་ཧྲི་ཀྲུང་ནན་ཧྲན་གྱིས་ཀྱང་དོ་ཁུར་གནང་ཡོད། ཡོན་ཧྲི་ཀྲུང་ནན་ཧྲན་གྱི་ཚོགས་པས་ཀན་སུའུ་ཡི་ཏོག་གསར་གློ་ཚད་འགོག་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་དང་དྲ་སྦྲེལ་ནས་བགྲོ་གླེང་བྱེད་སྐབས། ཏོག་གསར་གློ་ཚད་ཚབས་ཆེར་མི་འགྲོ་སྔོན་འགོག་བྱ་རྒྱུ་ནི་འགག་རྩ་ཞིག་ཡིན་པས་བོད་སྨན་ཞིབ་འཇུག་ཐད་གཏིང་ཤུགས་ཆེན་པོ་འདུག དེར་བརྟེན་ཏོག་གསར་གློ་ཚད་སྨན་བཅོས་ཐད་བོད་སྨན་གྱི་ནད་ཐོག་ཚོད་ལྟའི་ལས་དོན་སྔར་བས་སྤེལ་རྒྱུར་རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་བརྗོད་བྱུང”ཞེས་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་སྐལ་བཟང་གཡུ་སྒྲོན་གྱིས་བཤད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001391405291