བོད་ལྗོངས།
བོད་ལུགས་གསོ་རིག་ལས་རྐང་འབམ་ནད་ཀྱི་བརྟག་བཅོས་སྐོར་གླེང་བ།

    རྐང་འབམ་ནད་དེ་རྒྱུན་དུ་མཐོང་མང་ཞིང་ན་མང་བའི་ནད་གཞི་ཞིག་ཡིན། ད་ཐེངས་བོད་ལུགས་གསོ་རིག་གཞུང་ལས་བསྟན་པའི་ནད་དེའི་བརྟག་བཅོས་སྐོར་ཅུང་ཟད་གླེང་བ་སྟེ།

    གཅིག རྐང་འབམ་གྱི་རྟགས།

    དེ་ཡང་དུས་རྒྱུན་ནད་ཐོག་དངོས་ནང་སྤྱིར་ནད་རྟགས་དེ་རིགས་མངོན་པ་སྟེ། སྟོད་སྨད་རེས་མོས་ན་བ། བཞིན་དང་སོ་རྙིལ་སྨུགས་པ། རྐང་པ་བཤལ་སྦྲིད་བྱེད་པ། བརྐྱང་བསྐུམ་དཀའ་བ། རྐང་པའི་ཆུ་རྒྱུས་གྱོང་བ། མདོག་ཁྲ་བོའམ་ནག་པོ་ཆགས་པ། སྐྲངས་པོ་གཡོ་བ། སྒྱེད་ཁུང་ཆུ་རྒྱུས་གཟེར་ཞིང་ཚ་འཁྱུག་བྱེད་པ་སྟེ། མན་ངག་བྱེ་བ་རིང་བསྲེལ་ལས། ཕྱི་རྟགས་དང་པོ་རྐང་པ་བེམ་ཞིང་སྦྲིད། །བརྐྱང་བསྐུམ་མང་འདོད་གྱོང་ཞིང་རྩ་རྒྱུད་ན། །བརྐྱང་བསྐུམ་ཡུན་རིང་ཟུག་ཆེ་ཚ་འབམ་བྱ། །རྐེད་པ་དཔྱི་མིག་པུས་མོ་སྦྲིད་པ་དང་། །རོ་སྟོད་ལ་སོགས་རྩིབ་ལོཌ་སྐེ་མཇིང་ལ། །དོན་མེད་ཟུག་འབྱུང་བྱས་པ་མེད་པར་ཞི། །ཕོ་མཆིན་མི་བདེ་སྐབས་སུ་སྟོད་འཚངས་བྱེད། །འགའ་ཞིག་ཐོག་མ་ཉིད་ནས་བྱིན་ཉྭ་སྐྲངས། །དེ་ནས་བརྐྱང་བསྐུམ་མི་ཤེས་བེམ་པོར་སྐྲངས། །ཆུ་སེར་རྒྱས་ནས་དམར་སྨུག་ཐིག་ལེ་བྱུང་། །སྔོན་པོ་ཐིག་ལེ་གཟིག་གི་རྒྱབ་ལྟར་ཁེབས། །ཁྱད་པར་རྒྱས་པའི་དུས་སུ་བྱུང་བ་ཡིན་ཞེས་གསུངས།

    གཉིས། རྐང་འབམ་ནད་ཀྱི་བཅོས་ཐབས།

    1. རྐང་འབམ་གྱི་གསོ་ཚུལ་སྤྱིར་བཤད་པ།

    ནད་གཞི་འདི་ན་ཚུལ་འདྲ་མིན་མཆིས་ཤིང་དྲེག་གྲུམ་སོགས་དང་ནོར་ཉེན་ཆེ་བས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་མན་ངག་རྒྱུད་ཀྱི་ལྷན་ཐབས་དུས་མིན་འཆི་ཞགས་གཅོད་པའི་རལ་གྲི་ལས། འདི་མིང་སྔོན་དུ་སྒོམ་ཆེན་ཆུ་ནད་དང་། །ལ་ལར་རྒད་པོ་རྐང་ནད་ཅེས་ཀྱང་འབོད། །དེང་སང་མི་ཤེས་རྨོངས་རྣམས་གྲང་ཁྲག་དང་། །དྲེག་གྲུམ་རང་བཞིན་གཉན་དང་རླུང་ཅེ་སྤྱང་། །རེག་དུག་སྦྱར་དུག་རྩ་དཀར་ནད་ལ་སོགས། །ངོས་མ་ཟིན་པར་མིང་འདོགས་སྣ་ཚོགས་བྱས་ཞེས་གསུངས་ཤིང་། ནད་རྟགས་མ་ལོང་གསོ་བ་ཐེ་ཚོམ་ན། །ནད་པའི་དྲི་ཆུས་བཀྲུས་པས་དམར་ཐིག་དང་། །ནག་ཐིག་རི་མོ་ཤ་མདོག་འགྱུར་ན་ཡིན། །ཡང་ན་བཅའ་སྒ་མར་རྙིང་སྦྱར་ལ་བྱུགས། །ཟུག་གཟེར་བྱུང་ན་འབམ་ནད་མི་འགྱུར་རྟགས་ཞེས་གསུངས་པ་བཞིན་ངོས་ཟིན་འཁྲུལ་མེད་བྱ་རྒྱུ་དེ་གསོ་ཚུལ་གྱི་རྨང་གཞི་ཡིན་པས། མན་ངག་རིན་ཆེན་གཏེར་མཛོད་ལས། དོན་དུ་ནད་ངོས་ཟིན་རྗེས་ཐོག་མར་གཉན་རིལ་བཏང་བ། བར་དུ་ལ་ཕུག་གི་ཁུ་བ་འཐུང་བྱུག་བྱེད་པ། མཐར་ཆུ་ཚན་དང་དངུལ་ཆུ་རིལ་བུ་གཏོང་བ་འདི་ག་ཁོ་ན་ཡིན་པ་འདུག་ཅེས་གསུངས་པ་ལྟར། ཐོག་མར་གཉན་འཇོམས་བྱ་ཐབས་ཁག་ལ་འབད་རྒྱུ། བར་དུ་གསང་སྨན་གྱིས་ནད་དངོས་ཞི་བ། མཐར་ཕྱིར་མི་ལྡོག་པའི་ཐབས་ལ་འབད་པ་བཅས་ཀྱི་གསོ་བཅོས་རྩ་དོན་དུ་འཛིན་དགོས་པར་སྙམ།

    2. རྐང་འབམ་ནད་ཀྱི་གསོ་ཐབས་དངོས་བཤད་པ།

    གསོ་ཐབས་དངོས་ལ་ཟས་སྤྱོད་སྨན་དཔྱད་བཞི་ཡི་སྒོ་ནས་བཤད་པར་བྱ་སྟེ།

    ཟས་བསྟེན་ཚུལ།

    ཇ་ཁྲེབ། ཤ་ཚིལ་མར་རྙིང་སོགས་རྙིང་པའི་རིགས་སྤངས་རྒྱུ། རྗེན་པ། འཁྱག་པོའི་རིགས་བཅས་བཅུད་ཅན་རྙིང་པ་དང་བསིལ་བའི་རིགས་སྤངས་རྒྱུ། ཁ་ཟས་ཡང་བ་བསྟེན་རྒྱུ་སྟེ་འབྲས་ཐུག་སླ་མོའི་རིགས། ལབ་གསར་གྱི་ཐུག་པ། ཆུ་བསྐོལ་གྲང་བཅས་བསྟེན་རྒྱུ། མཐར་གསར་བཅུད་ཀྱིས་ལུས་ཟུངས་གསོ་བར་སྒྲིམ་དགོས།

    སྤྱོད་ལམ་བསྟེན་ཚུལ།

    བརླན་གནས། དྲག་ཤུལ་རིགས། ཉི་ཚན། རྐང་པ་ཐུར་དུ་འཇོག་པའི་རིགས་སོགས་སྤངས་ནས་མཐོ་སར་འཇོག་དགོས་པ་དང་བསིལ་དྲོད་སྙོམས་པའི་གནས་བསྟེན་རྒྱུ།

    སྨན་གྱི་གཉེན་པོ་བསྟེན་པ།

    དེ་ལའང་ཐོག་མར་རྒྱུ་རྐྱེན་ལེགས་པར་བརྟག་ནས་ཁྲག་རླུང་ནད་གཞི་ལས་བྱུང་བའི་སྐབས་ཀོང་སྤྲུལ་ཟིན་ཏིག་ལས། དེ་ལ་ཁྲག་རླུང་ཤས་ཆེ་བ་ལ་གྱེན་དུ་ཕྱུར་རྐྱེན་བྱེད་པས་སྨན་བཟི་ལྡན་གཏན་ནས་འགྲོ་མི་རུང་། སྟོད་ནས་རིམ་པར་བབས་པའི་སྐབས་སུའང་རྐང་པ་ལ་བབས་མ་ཚར་བར་བཟི་སྨན་མི་གཏོང་བ་གདམས་ངག་ཡིན་ཞེས་གསུངས་པ་ལྟར་བསྙན་རྒྱུད་ཨ་གར་༣༥ གླང་ཆེན་༡༨ གསེར་ཐང་༡༨འདི་གསུམ་གཙོ་བོ་བསྟེན་ནས་ནད་ཁམས་ཀྱི་འགྱུར་ལྡོག་ལ་གཞིགས་ནས་གཉེན་པོ་མདེ་ཁ་བསྒྱུར་དགོས། ཀརྨ་ངེས་ལེགས་བསྟན་འཛིན་གྱིས་མཛད་པའི་སྨན་བསྡུས་ཨེ་ལས། ཐོག་མར་འབམ་དུ་བབས་བར་དོགས་ཤིང་འབམ་དངོས་སུ་མ་གྱུར་གོང་དེར་ཐོག་མར་ལག་པ་དང་དེ་ནས་རྐང་པ་ལ་གཏར་ན་མི་བབ་པར་ཐུབ་ཅིང་། འབམ་དུ་དངོས་གསལ་ཙམ་བྱུང་ནས་ཁྲག་གཏར་ན་མི་རུང་སྟེ་ཐོག་མར་སྨིན་སྡུད་སོགས་བྱེད་པའི་སྨན་མང་སྦྱོར་དེ་ངེས་པར་ལེགས། དེ་ནས་ནད་འདི་སྟོད་ལ་འཕྱུར་བའི་རིགས་དང་མི་འཕྱུར་བའི་རིགས་གཉིས་ཡོད། མི་འཕྱུར་བའི་རིགས་ལའང་ཁྲག་སྨན་གྱིས་འབེབས་པ་འདི་ལག་ལེན་ལ་བཟང་། དཔའ་དགུའམ། ཀླུ་བདུད་བཅོ་བརྒྱད་དམ། དངུལ་ཁྱུང་ལྟ་བུ་ཞིག་གིས་རྐང་པ་ཞ་མི་དགོས་པར་ནད་གཞི་མེད་དུ་བྱེད་པ་ཡོད་ཅིང་གཉན་སྨན་གང་རུང་རེ་དང་གླང་ཆེན་བཅོ་བརྒྱད་ལྟ་བུ་ཁོག་སྟོད་ཀྱི་སྨན་ཞིག་ལྟག་སྤྲོད་དུ་གཏོང་བ་ནི་ཕྱག་ལེན་ཡིན། གལ་ཏེ་མི་འཕྱུར་ནའང་བབ་ཀྱང་མི་ཐུབ་ཅིང་སེལ་ཡང་མི་ཐུབ་ན། དེ་ཚེ་གཉན་སྨན་དོར་ནས་གཏོར་སྨན་བཏང་ཟིན་ནས་ཆེར་བབས་རྒྱུ་ནི་མེད། གླང་ཆེན་དང་། གསེར་ཐང་སོགས་སྦྱར་བས་རྐང་པར་ཅུང་ཟད་བབ་འགྲོ་ལ། གདོ་ལ་ཕུག་སོགས་ཀྱི་འཆོས་དགོས། རྐང་པ་ཞ་མ་ཐུབ་ཀྱི་བར་དུ་ཁོག་སྟོད་ལ་གཟེར་ཆེ་ན། ཨར་བརྒྱད་སོགས་དང་འཚངས་ཆེ་ན་ཀོ་བྱི་བདུན་པ་ལྟ་བུ་ཁྲག་སྨན་གི་སྨན་དང་། ཚད་པ་ཆེ་ན་གྷི་དགུའམ། གཙོ་བརྒྱད་ལྟ་བུ་ཚད་སྨན། ལར་ནི་གླང་ཆེན་བཅོ་བརྒྱད་དང་གསེར་ཐང་སོགས་རྒྱུན་སྨན་དང་། ཁྱད་པར་དུ་འབམ་སྨད་དུ་འབེབས་པའི་སྨན་ཨ་གར་བཅུ་གསུམ་ཟེར་བ་དང་། གླང་ཆེན་ཉེར་ལྔ་ཟེར་བ་འདི་གཉིས་ནི་རྩིས་ཤིན་ཏུ་ཆེ་བའི་སྨན་དུ་འདུག འབབ་ཤིན་ཏུ་དཀའ་བའི་འབམ་ནག་ལ་ནི་རྩ་ལྟོ་སྦྲགས་མའི་སྦྱང་ཉིད་མཆོག་ཏུ་བཤད། མཐར་བབས་ནས་ལ་ཕུག་གམ་བཙོང་སོགས་ཀྱིས་བཅོས་པ་དང་། བྱུག་པ་དང་མཐར་ཁྲག་ལུམས་རྣམས་ནི་གཞུང་བཞིན་ནོ། དེ་ལྟར་གཉན་འཇོམས་གྱི་གཉེན་པོ་དང་བབས་སྨན་རིགས་སོགས་ནད་ཁམས་ལ་གཞིགས་པའི་གཉེན་པོ་རྣམས་བསྟེན་ནས་འབམ་སྨད་དུ་བབས་རྟགས་ནི། ཀོང་སྤྲུལ་ཟིན་ཏིག་ལས། བབས་པའི་རྟགས་ཁོག་སྟོད་ཀྱི་གཟེར་གཏན་ནས་མེད་ཅིང་བདེ་ན་ངེས་པ་ཡིན། རྐང་པ་ཞ་ཆེ་ཆུང་ཙམ་ལ་ངེས་པ་མེད། གང་ལྟར་རྐང་པའི་རྩ་དང་ཆུ་རྒྱུས་ལ་གཟེར་ཆེ། ཁྱད་པར་སྒྱིད་ཁུང་སོགས་འཐེན། རྐང་པ་གཡས་གཡོན་གང་རུང་ས་ལ་བཙུགས་མི་ཕོད་པ་བྱུང་དུས་འབམ་དངོས་གཞི་ཡིན། གཞན་ཁྲག་རླུང་རྐྱེན་མིན་པ་རྣམས་ལ་ནོར་བུ་བདུན་ཐང་། ཐང་ཆེན་ཉེར་ལྔ། སྙན་རྒྱུད་སོ་ལྔ། གླང་ཆེན་བཅོ་བརྒྱད་སོགས་བསྟེན་པས་རོ་སྟོད་ཀྱི་གཟེར་གཏན་ནས་མེད་པ་བཅས་ཀྱི་སྐབས་བབས་ཀྱི་གཉེན་པོ་རྣམས་བསྟེན་པ་དང་ལ་ཕུག་འཕྲོད་མི་འཕྲོད་བརྟག་སྟེ་ལབ་བཅོས་བྱེད་དགོས། ལབ་བཅོས་ཞེས་པ་ནི་འབམ་བཅོས་ཞེས་ཀྱང་བྱ་སྟེ། བོད་ལབ་དཀར་པོའི་ཁུ་བ་བཙིར་བ་བསྙལ་བའི་ནང་གུར་གུམ་དང་། ཁྲག་ཁྲོག་པ་སོགས་སྨན་རིགས་བསྣན་རྗེས་ཁོང་དུ་བསྟེན་པས་འབམ་འཇོམས་པ་ལ་ཤིན་ཏུ་ཕན་པ་ཡིན་ནོ།

    སྐྲངས་པ་ཆུང་དུ་མངོན་ཞིང་ཤ་མདངས་ལེགས་སུ་ཕྱིན་པ། ཆུ་རྒྱུས་སོས་པ། རྩ་ཆུའི་རྟགས་རྣམས་སངས་པའི་སྐབས་རྗེས་གཅོད་ཚུལ་དུ་ལུམས་སོཌ་བྱ་བ། ཡང་ན་གནས་དང་མཐུན་པའི་གཏར་དཔྱད་བྱ་བ། དེ་བཞིན་དུ་བྱུག་པ་བྱ་བ། སྤྱོད་ལམ་རན་པར་བསྟེན་པ་སོགས་ཀྱི་ཆོ་ག་རྣམས་སྤེལ་བས་འབམ་ནད་སླར་ལྡང་བར་མི་འགྱུར་རོ། མདོར་ན་འབམ་སྟོད་ནས་སྨད་དུ་འབེབས་པར་ཐོག་མར་ཨ་གླང་གསེར་གསུམ་འཕྲོད། ཞོགས་པ་གླང་ཆེན་༡༨ ཉིན་དགུང་གསེར་ཐང་༡༨ དགོང་མོ་ཨ་གར་༣༥ གཉན་སྨན་བཞི་འཕྲི་ནས་ཞག་ལྔ་ནས་བཅུའི་བར་བསྟེན་རྒྱུ་དང་དེ་ནས་འབམ་སྨན་དུ་བབས་ནས་རྐང་པ་བརྐྱང་བསྐུམ་དཀའ་ཞིང་ན་ཟུག་ཆེ་བ་སོགས་ཀྱི་རྟགས་ཐོན་སྐབས་གཞི་ནས་གཉེན་པོ་བསམ་ཁྱུང་། སེང་ལྡེང་༢༣ སྤོས་ཁྱུང་༡༥ ཀླུ་བདུད་༡༨ དངུལ་རིན་༡༨སོགས་ནད་གཞིའི་བབས་དང་བསྟུན་ནས་བསྟེན་རྒྱུ་དང་འབམ་རྐྱེན་གྱིས་སྙིང་ག་མ་བདེ་ན་ཨ་གར་བརྒྱད་པ། ཨར་བརྒྱད་ཆུ་བསྒྱུར་སོགས་བསྟེན་པ་གལ།

    དཔྱད་ཀྱིས་བཅོས་པ།

    རྐང་འབམ་ནད་ལ་དཔྱད་ཀྱིས་བཅོས་པར་འབྱར་ཆེན་རེག་པ་བདེ་སྐྱེད་བོད་ལབ་ཀྱི་ཁུ་བར་སྦྱར་ནས་སྐྲངས་ཁུལ་དུ་བྱུག་ཅིང་མཇུག་ཏུ་སླད་མ་ལྡང་བའི་ཕྱིར་ཆུ་ཚན་རྒྱག་པ་དང་། གདོང་རྩ་དང་ལོང་རྩ་སོགས་འབྲེལ་ཡོད་གཏར་དམིགས་ནས་ཁྲག་མང་གཏར་ཉུང་དུ་དབྱུང་དགོས་ཏེ། རྗེ་ཟུར་མཁར་བས། དཔྱད་དུ་ཆུ་ལྕག་བསིལ་བས་བྱུག །རྔབས་རས་འཇིབ་ཅིང་བཙག་གིས་ཞལ་ཞལ་བྱ། །ཞེས་གསུངས། གཞན་ཡང་མཁས་དབང་བྱམས་པ་འཕྲིན་ལས་མཆོག་གིས། ཁྲག་གཏར་རྒྱུ་དང་མེ་བསྲེགས་རྒྱུ་ཅི་བྱས་ཀྱང་ལུམས་དང་ཚ་ཉལ་སོགས་བྱས་ན་ཕན་ཆེ། ཆུ་གསོག་གཞི་ཡོད་ན་ལུམས་མི་འཕྲོད། ཆུ་ཉལ་གྱིས་གདའ། ཞེས་གསུངས་སོ།

    (བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་དར་རྒྱས་བསམ་གྲུབ)

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001393957781