བོད་ལྗོངས།
བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་བོད་ཀྱི་གསོ་བ་རིག་པའི་བདེ་ཐང་ཐོན་ལས་འཕེལ་རྒྱས་ལ་ཆེད་དོན་ཞིབ་འཇུག་བྱས་པ།

    ཚེས་23ཉིན་གྱི་སྔ་དྲོར་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཡིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས《བོད་རང་སྐྱོང་ལྗོངས་ཀྱིས་བོད་ཀྱི་གསོ་བ་རིག་པའི་བདེ་ཐང་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར(ཞིབ་བཤེར་བྱ་རྒྱུར་སྐྱེལ་བའི་མ་ཡིག)》ལ་ཞིབ་འཇུག་དང་། བདུད་རྩི་རྟགས་ཅན་བོད་སྨན་ཚོགས་པ་ཟླ་སྒྲིལ་དང་བསྐྱར་སྒྲིག་ཁྲོད་ལྷག་པའི་གནད་དོན་ལ་མཐུན་སྦྱོར་དང་ཐག་གཅོད། གོམ་སྟབས་རྗེས་མའི་ལས་དོན་ལ་བཀོད་སྒྲིག་བཅས་བྱས་པ་རེད།

    ཚོགས་འདུའི་ཐོག་བསྟན་དོན། བོད་ཀྱི་གསོ་བ་རིག་པའི་ཐོན་ལས་ནི་བོད་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་གྲས་ཤིག་ཡིན་པས་ཐོག་མཐའ་བར་གསུམ་དུ་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གནང་ནས་སྦྲེལ་ཐག་ཧྲིལ་པོ་དང་སྣ་མང་ཅན་གྱི་འཕེལ་རྒྱས་རྣམ་པ་ཆགས་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་གཟུཌ་གཞི་བདེ་ཐང་དང་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཡོང་བར་འགན་ལེན་བྱེད་པར་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ཐོན་ཡོད་ལ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བར་འབུལ་འོས་པའི་ལེགས་སྐྱེས་ཀྱང་ཕུལ་ཡོད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། བོད་ཀྱི་གསོ་བ་རིག་པའི་བདེ་ཐང་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ་ནི་ཆབ་སྲིད་ཀྱི་བླང་བྱ་ཞིག་ཡིན་ལ། ཁྲོམ་རའི་དགོས་མཁོ་ཞིག་ཀྱང་ཡིན། བསམ་བློ་སྔར་བས་གཅིག་གྱུར་བྱས་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཀྲུང་ལུགས་གསོ་རིག་སྨན་རྫས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཛུབ་སྟོན་བླང་བྱ་ལྟར་བསམ་བློ་དང་བྱ་སྤྱོད་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བཅས་བྱས་ནས་བོད་ཀྱི་གསོ་བ་རིག་པའི་བདེ་ཐང་ཐོན་ལས་ཡག་པོ་གཉེར་བའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་གཙོ་གནད་འབུར་དུ་ཐོན་རྒྱུ་རྒྱུན་འཁྱོངས་ཀྱིས་བོད་ཀྱི་གསོ་བ་རིག་པའི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུའི་དམིགས་ཚད་ལ་དམ་པོར་དམིགས་ཏེ་བོད་ཀྱི་གསོ་བ་རིག་པའི་དེང་རབས་ཅན་དང་ཐོན་ལས་ཅན་གྱི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་འཛམ་གླིང་ཐོག་གི་བོད་ཀྱི་གསོ་བ་རིག་པ་དང་བོད་སྨན་ཁེ་ལས་རྩེ་གྲ་ཧུར་ཐག་གཏོད་དགོས།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001394674471