བོད་ལྗོངས།
བོད་ལུགས་གསོ་རིག་སློབ་མས་སུམ་རྟགས་དག་གསུམ་སྦྱོང་དགོས་པའི་གལ་ཆེའི་རང་བཞིན་སྐོར་རགས་ཙམ་གླེང་བ།

    བོད་ཀྱི་གསོ་བ་རིག་པ་ནི། བོད་ཀྱི་སྲོལ་རྒྱུན་གྱི་རིག་པའི་གནས་ལྔའི་ཡ་གྱལ་ཏེ། ལུས་སྲོག་གསོ་བར་བྱེད་པའི་རིག་པ་གསོ་བྱ་དང་། གསོ་བྱེད། གསོ་ཚུལ། གསོ་མཁན་བཅས་ཀྱི་རྣམ་གཞག་སྟོན་པའི་རིག་གནས་ཤིག་ཡིན་ལ། བོད་ཀྱི་གསོ་རིག་ལ་སློབ་གཉེར་གནང་བའི་དངོས་གཞི་དང་ཞིབ་འཇུག་གི་ཆེད་ལས་སློབ་མ་སུ་ཞིག་ཡིན་ཕྱིན། གསོ་རིག་རྒྱུད་བཞི་རྩ་བར་གྱུར་བའི་གཞུང་ཇི་སྙེད་ལ། ཐོས་བསམ་སྒོམ་གསུམ་དང་ཞིབ་འཇུག་ཡོད་པ། རང་གིས་ཤེས་ཤིང་གཞན་ལ་ཕན་ཐོགས་པ་ཞིག་ཡོང་རྒྱུ་གནད་འགག་ཏུ་གྱུར་ཡོད་པ་ཀུན་གྱིས་ཤེས་སྲིད་པས་ན། གཞུང་ལུགས་དེ་དག་ཇི་ལྟར་སྦྱངས་ན། རང་གིས་ཡེ་ནས་ཤེས་ཤིང་གཞན་ལ་ཇི་བཞིན་སྟོན་ཐུབ་པ་ཞིག་ཡོང་བར་བརྩོན་དགོས་ཏེ། དེ་ཡང་ཚིག་གི་དག་ཆས་དོན་གྱི་གནད་འབྱིན་ཞིང་། དོན་གྱི་གོ་བས་ཚིག་གི་དག་ཐོན་ཞེས་པ་བཞིན། ཚིག་དོན་གཉིས་ཀྱི་གོ་བ་ཡང་དག་ལེན་པར་ཐུག་འདུག་ལ། དེའི་ཡང་སྙིང་ངམ་རྩ་བ་ཡང་མཐར་གཏུགས་ན། བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་ལས་སུམ་རྟགས་དག་གསུམ་ལ་རག་ལས་པས། གཤམ་དུ་བོད་ལུགས་གསོ་རིག་སློབ་མས་གསོ་རིག་གཞུང་ལུགས་སློབ་པའི་རྩ་བའི་རྨང་གཞིར་གྱུར་བའི་སུམ་རྟགས་དག་གསུམ་ཇི་ལྟར་སྦྱོང་བ་དང་དེའི་གལ་ཆེའི་རང་བཞིན་བཅས་མདོ་ཙམ་བརྗོད་པར་བྱ།

    དང་པོ། སུམ་རྟགས་དག་གསུམ་ནི་གཞུང་ཀུན་ལ་འཇུག་པའི་རྩ་བ་ཡིན་ཚུལ་བཤད་པ།

    མི་རིགས་སུ་ཞིག་ཡིན་རུང་། སྐད་དང་ཡི་གེ་ཡོད་པ་ཞིག་ཡིན་ན། དེར་བརྡ་སྤྲོད་པའི་གཞུང་ལུགས་ཀྱང་གང་འཚམ་རེ་ཡོད་སྲིད། བོད་ཀྱི་རིག་གནས་ལ་ཆ་མཚོན་ན། སློབ་དཔོན་ཐོན་མིས་ཡི་གེ་གསར་བཅོས་མཛད་དེ་བརྡ་སྤྲོད་པའི་གཞུང་ཐོག་མར་བརྩམས་པ་ནས་བཟུང་། བོད་ཀྱི་རིག་གནས་ཕྱོགས་ཡོངས་ནས་འཕེལ་འགོ་ཚུགས་ཤིང་། དེ་ལས་སུམ་རྟགས་དག་གསུམ་ནི། སྐྱེ་བོ་སུ་ཞིག་ཡིན་རུང་ངེས་པར་དུ་སྦྱོང་དགོས་པའི་བསླབ་བྱ་གཙོ་བོ་དང་གཞུང་ཀུན་ལ་འཇུག་པའི་རྩ་བར་གྱུར་བ་སྟེ། སུམ་ཅུ་པའི་རྩ་བར་ཡང་། “བསླབ་པ་ཀུན་གྱི་གཞི་འཛིན་ཀྱང་། །རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཡི་གེའི་སྦྱོར་བ་བཤད་པར་བྱ”ཞེས་སུམ་ཅུ་པའི་གཞུང་དུ་འཆད་བྱ་ནི་ཡི་གེ་སྦྱོར་བ་ཡིན་ཕྱིར། དེ་ནི་བསླབ་པ་ཇི་སྙེད་པའི་གཞི་དང་། རིག་བྱེད་སྨྲ་བ་བཞི་སོགས་ཀྱི་རྒྱུ། མིང་དང་ཚིག བརྗོད་པ་ཀུན་གྱི་རྩ་བ་ཡིན་པར་བསྟན་པ་དང་། རྟགས་འཇུག་གི་རྩ་བར་ཡང་། “བསླབ་ལ་བརྩོན་པའི་གང་ཟག་གིས། །དང་པོར་ང་རོ་རྣམས་ལ་སྦྱང་། །སྔོན་འཇུག་མིང་གཞི་རྗེས་འཇུག་རྣམས། །ཀློག་གི་ཆེད་དུ་བསླབ་པ་ཡིན། །རྗེས་འཇུག་སྦྱོར་བའི་སྦྱོར་བ་ནི། །ཉན་བསམ་བསྟན་པའི་ཆེད་དུ་སྦྱང”ཞེས་གསུངས་པ་ལྟར། གཞུང་གང་ཞིག་ལ་ཉན་པ་དང་། བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཐོས་པ་བཙལ་བ་གང་ཞིག་ཡིན་རུང་། རྟགས་འཇུག་གི་རིམ་པར་བསླབ་ན། ལམ་འབྲས་བུ་དང་བཅས་པའི་དོན་གཏན་ལ་འབེབས་པ་ཡིན་པས་ན། ང་ཚོས་རྟགས་འཇུག་གི་འཇུག་ཚུལ་བཞི་སོགས་ལ་སྦྱངས་ན། གསོ་རིག་སོགས་ཀྱི་གསུང་རབ་ལ་འཇུག་པའི་རྩ་བ་དང་དོན་རྟོགས་པ་ལ་རྔོ་ཐོགས་པ་ཡིན་ལ། ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ་མཆོག་གིས། “མཁན་པོ་འདི་ཡིས་མཛད་པའི་བརྡ། །གསུང་རབ་བདེ་བླག་རྟོགས་པའི་སྒོ། །བླང་དོར་གསལ་བར་སྟོན་པའི་ཚུལ། །འབད་པ་དུ་མས་བསྒྲུབ་པར་རིགས”ཞེས་གསུངས་པ་བཞིན། དག་ཡིག་ནི་ཡི་གེའི་དག་ཆ་སྟོན་བྱེད་ཀྱི་གཞུང་སྟེ་གཙོ་བོ་མིང་གི་དག་ཆ་རྣམས་གཙོ་བོར་བསྟན་པའི་གཞུང་ལ་གོ་དགོས་པ་ཡིན་ཙང་། དེ་ནི་གསུང་རབ་བདེ་བླག་ཏུ་རྟོགས་པའི་སྒོ་དང་། བླང་དོར་གསལ་བར་སྟོན་པའི་ཚུལ་སྟོན་པའི་ཤེས་བྱ་སོགས་ཡིན་པས་འབད་པ་དུ་མས་བསླབ་དགོས་པ་ཡིན་ཕྱིར། ང་ཚོས་སུམ་རྟགས་དག་གསུམ་ནི་བོད་ཀྱི་རིག་གནས་ཀུན་གྱི་རྩ་བ་དང་། སྙན་ཟློས་མངོན་གསུམ་སོགས་ནི་དེ་དག་གི་ཡན་ལག་ཏུ་འདོད་ཆོག་གོ

    གཉིས་པ། བོད་ལུགས་གསོ་རིག་སློབ་མས་སུམ་རྟགས་དག་གསུམ་སྦྱོང་དགོས་པའི་གལ་ཆེའི་རང་བཞིན་བརྗོད་པ།

    བོད་ཀྱི་གསོ་བ་རིག་པའི་གཞུང་ནི། འཛམ་གླིང་གི་ཡུལ་གྲུ་དུ་མར་ངོམ་དུ་རུང་བའི་རིག་པའི་གཞུང་ལུགས་ཅུང་འཐུས་ཚང་དང་ཀུན་ལ་རྔོ་ཐོགས་པ་ཞིག་སྟེ། དེར“གསོ་དཔྱད་ཐམས་ཅད་སྐྱེས་པའི་གཞི་ས་བོན་དང་འདྲ་བར་རྩ་བ་ཐུགས་ཀྱི་རྒྱུད། ཚིག་དོན་སྒྲིབ་མེད་གསལ་བར་སྟོན་པ་ཉི་ཟླ་དང་འདྲ་བ་བཤད་པ་སྐུ་ཡི་རྒྱུད། གང་ལ་གང་དགོས་ཡིད་བཞིན་ནོར་བུ་དང་འདྲ་བ་མན་ངག་ཡོན་ཏན་རྒྱུད། ནད་ཀྱི་སྟེང་དུ་ཐོགས་པ་མེད་པ་རྡོ་རྗེ་ཕ་ལམ་དང་འདྲ་བ་ཕྱི་མ་འཕྲིན་ལས་ཀྱི་རྒྱུད་དོ”ཞེས་རྒྱུད་བཞི་སྲོག་ཤིང་དུ་གྱུར་བ་དང་། དེའི་རབ་དབྱེའི་ཡན་ལག་བརྒྱད་དང་ནང་གསེས་དགུ་བཅུ་གོ་གཉིས་བཅས་མང་དུ་ཡོད་པ་ནི། དེང་དུས་གསོ་རིག་ཆེད་ལས་སློབ་མ་དག་གི་སྦྱང་བྱ་གཙོ་བོར་ཟད། འོ་ན། གསོ་བ་རིག་པའི་གཞུང་འདི། མ་འཁྲུལ་པ་དང་མ་ཆད་ཅིང་། རང་གིས་ཤེས་ཤིང་གཞན་ལ་སྟོན་ཞིང་ཕན་ཐོགས་པ་ཞིག་ཇི་ལྟར་སྦྱོང་དགོས་ཤེ་ན། ཐོག་མའི་ཚད་གཞི་ནི་གསོ་རིག་གི་གཞུང་དུ། “གསོ་བ་རིག་པ་རྣམ་པ་བཞི་སྟེ། རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བའི། ནད་ལ་མཁས་པ། ནད་ཅི་ལས་བྱུང་བ་ལ་མཁས་པ། ནད་བྱུང་བ་བསལ་བ་ལ་མཁས་པ། ནད་བསལ་ནས་ཕྱིས་མི་འབྱུང་བ་ལ་མཁས་པའོ”ཞེས་གསོ་བ་རིག་པ་སྨྲ་བ་ཞིག་ཡིན་ན། ནད་བརྟག་པ་ལ་མཁས་པ་དང་། ནད་གང་ལས་བྱུང་བ་ལ་མཁས་པ། ནད་བྱུང་བ་དུས་ལྟར་བསལ་བར་མཁས་པ། ནད་བསལ་ནས་ཕྱིས་མི་འབྱུང་བར་མཁས་པ་ནི། ཐོག་མའི་ཕུགས་འདུན་ཡིན་པ་བཞིན། གསོ་རིག་ལ་མཁས་པར་སྦྱངས་ཏེ་སྨན་པ་བྱ་འདོད་པ་དག་ཀྱང་དེ་ལས་མ་འདས་མོད། ཡིན་ནའང་། དེའི་སྲོག་ཤིང་ངམ་རྩ་བར་གྱུར་བ་ནི། གཞུང་ལུཌ་ལ་བདེ་བར་འཇུག་བྱེད་ཀྱི་སུམ་རྟགས་དག་གསུམ་ལ་ངེས་ཆ་གསལ་པོ་དང་། དེའི་གལ་ཆེན་རང་བཞིན་ཤེས་རྒྱུ་གལ་ཆེ་སྟེ། དཔེར་ན། “བུང་རྣ་བ་ནི་མུ་ལ་སྐྱེས། །མེ་ཏོག་དཀར་ཆུང་ངར་བ་ཕྲ། །རྩེ་མོ་ཕྱིར་ལ་བཟློག་པ་དེ། །རིང་ཐུང་འཁྱིད་རེ་མཛུབ་རེ་ཙམ། །རོ་ནི་ཁ་སྐ་ཚད་ནད་སེལ”ཞེས་པ་ལ། སུམ་རྟགས་དག་གསུམ་ལ་སློབ་གཉེར་ཡག་པོ་མ་འཁྱོངས་པ་ཞིག་ཡིན་ན། དེ་དག་ལ་ཕྲད་དང་ཡིག་ནོར་ཡོད་པ་མི་ཤེས་ལ། དེ་མ་ཤེས་པར་དོན་ཡང་དག་རྟོགས་པར་གེགས་ཆེན་པོ་བསྐྱེད་སྲིད། ཡིན་རྒྱུ་ནི། གཡུ་ཐོག་ཡོན་ཏན་མགོན་པོའི་གཡུ་ཐོག་སྔོ་འབུམ་དུ། “བོང་རྣ་བ་ནི་མུ་ལ་སྐྱེ། །མེ་ཏོག་དཀར་ཆུང་ངར་བ་ཕྲ། །རྩེ་མོ་ཕྱིར་ལ་ལྡོག་པ་སྟེ། །རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ། །རོ་ནི་ཁ་བསྐ་ཚད་ནད་སེལ”ཞེས་བུང་ནི་བོང་དང་། སྐྱེས་ནི་སྐྱེ། བཟློག་ནི་ལྡོག དེ་ནི་སྟེ། འཁྱིད་ནི་མཁྱིད། སྐ་ནི་བསྐ་བཅས་ཡིན་པ་དེ། སུམ་རྟགས་དག་གསུམ་ལ་བྱང་ཆ་མེད་ཚེ། དེ་དག་ནི་ལར་ནས་མི་ཤེས་སོ། དེས་ན། བོད་ཀྱི་རིག་པའི་གཞུང་ལ་འཇུག་པའི་དོན་གཉེར་བ་ཀུན་གྱིས་སུམ་རྟགས་དག་གསུམ་ལ་བསླབ་གཉེར་བྱ་བ་ལྟར་སུམ་རྟགས་དག་གསུམ་བོད་ལུགས་གསོ་རིག་སློབ་མས་ངེས་པར་དུ་སྦྱོང་དགོས་པའི་དངོས་སྦྱོང་བསླབ་ཚན་ལྟ་བུར་བཞག་ན་འོས་པར་སེམས།

    གསུམ་པ། བོད་ལུགས་གསོ་རིག་སློབ་མས་སུམ་རྟགས་དག་གསུམ་ཇི་ལྟར་སྦྱོང་དགོས་ཚུལ་གླེང་བ།

    འོ་ན། བོད་ལུགས་གསོ་རིག་སློབ་མས་སུམ་རྟགས་དག་གསུམ་སྦྱང་དགོས་པའི་གལ་ཆེན་རང་བཞིན་དང་རིན་ཐང་ཤེས་པ་ཡིན་ན། ཚུལ་ཇི་ལྟར་སྦྱངས་ན། སུམ་རྟགས་དག་གསུམ་གྱི་ནང་དོན་ཇི་བཞིན་ཡིད་ལ་ངེས་ཐུབ་པ་དང་། ཡང་གསོ་རིག་གི་གསུང་རབ་ཀྱི་དོན་ཡང་དག་པར་རྟོགས་པ་ལ་རམ་འདེགས་ཇི་ལྟར་བྱ་ཐུབ་ཅེ་ན། ཕྲན་གྱི་འདོད་ཚུལ་ལ་གཉིས་ཡོད་དེ།

    གཅིག་ནས། ཐོག་མར་སུམ་རྟགས་དག་གསུམ་ལ་སློབ་གཉེར་འཐུས་ཚང་ཞིག་བྱ་དགོས་ཏེ། རྡོ་དགོན་གསང་བདག་རྡོ་རྗེས་བརྩམས་པའི《སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་དཀའ་གནད་འགའ་ཞིག་ལ་དཔྱད་པ》ཞེས་པའི་དཔྱད་རྩོམ་ལས“སུམ་རྟགས་གཉིས་ནི་བོད་ཀྱི་རིག་གནས་ཀྱི་གལ་འགངས་ཆེ་བའི་ཆ་ཤས་ཤིག་དང་། བོད་ཀྱི་སྒྲ་རིག་པའི་སྙིང་པོའང་ཡིན། སྔོན་བྱོན་མཁས་པས་སྒྲ་ཤེས་ན་དོན་ལ་མི་རྨོངས་ཞེས་གསུངས་པས་སྒྲ་རིག་པའི་གནས་ལ་རྨོངས་ན་དོན་ལ་རྨོངས་པའང་སྨོས་ཅི་དགོས། ལྷག་པར་དུ་མཁས་པའི་བྱ་བ་གསུམ་གྱི་ཡ་གྱལ་རྩོམ་ལ་འཇུག་པར་འདོད་ན། སུམ་རྟགས་ཀྱི་སྦྱོར་ཚུལ་ཙམ་མ་ཤེས་ན་རྩོམ་ལ་འཇུག་པ་ནི་ལག་རྡུམ་བྲག་ལ་འཛེག་པ་དང་མཚུངས་པ་མ་ཡིན་ནམ། དེས་ན་སུམ་རྟགས་ཀྱི་གཞུང་ལ་སྦྱངས་པ་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཡིན”ཞེས་གསུངས་པ་བཞིན། ཐོག་མར་སུམ་རྟགས་དག་གསུམ་སྦྱང་བའི་ཕན་ཡོན་དང་། མ་ཤེས་པའི་ཉེས་དམིགས་དང་སྐྱོན་ཆ་ཤེས་པའི་སྒོ་ནས་བསླབས་ན། བོད་ཀྱི་རིག་གཞུང་ཀུན་ལ་འཇུག་པའི་ལྡེ་མིག་རྙེད་པ་དང་འདྲའོ།

    གཉིས་ནས། བོད་ཀྱི་གསོ་རིག་གསུང་རབ་བསྟན་བཅོས་རྣམས་སུམ་རྟགས་དག་གསུམ་དང་འབྲེལ་ཏེ། བོད་ཀྱི་སློབ་གསོ་རིག་པའི་ཐབས་ལམ་ལྟར་སྦྱོང་དགོས་ཏེ། དུང་དཀར་རིན་པོ་ཆེ་ནས“སློབ་ཁྲིད་ཀྱི་རྩ་འཛིན་ཞེས་པ་ནི་སློབ་ཁྲིད་ཀྱི་འཆར་གཞི་གཞིར་བཟུང་ནས་སློབ་ཚན་རྒྱས་བསྡུས་འབྲིང་གསུམ་གྱི་ཁྲིད་ཚུལ་གཏན་འཁེལ་ཡོད་པ་ཞིག་སྟེ། དེའི་ནང་ལས་འགན་དང་། དངོས་སྦྱོང་། ཚོད་ལྟ། བསྐྱར་སྦྱོང་སློབ་ཁྲིད་ཀྱི་དུས་ཚོད་ཆ་བགོས་བྱས་པའི་རྩ་འཛིན་ཡོད་པ་ལ་ཟེར”ཞེས་གསུངས་ཡོད་པ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་སློབ་ཚན་ཁྲིད་སྟངས་ཡག་ཤོས་ཤིག་ཡིན་པ་ལྟར། བོད་ལུགས་གསོ་རིག་སློབ་མ་རྣམས་ཀྱིས་ཀྱང་། 《གུང་ཐང་བསླབ་བྱ》ལས། “ཀུན་སྤྱོད་གཙང་བས་གཞན་གྱི་ཡིད་དུ་འཐད། །སྨྲ་བ་ཉུང་བས་ཕོག་ཐུག་གཡེང་བ་མེད། །དད་བརྩོན་དྲན་ཤེས་བརྟན་པོས་ཉིན་རེ་བཞིན། །ཡོན་ཏན་ཡར་ཚེས་ཟླ་ལྟར་འཕེལ་འགྱུར་བས། །སྒོ་གསུམ་བག་དང་ལྡན་པར་གྱིས་ཤིག་ཨང”ཞེས་ཀུན་སྤྱོད་གཙང་མའི་སྒོ་ནས། ཐོག་མར་གཞུང་ལུགས་ཀྱི་རྩ་ཚིག་བློར་འཛིན་པ་དང་། དེ་ནས་དེ་དག་གི་མཚན་ཉིད་ངེས་པ་དང་། དེ་ནས་རིམ་གྱིས། རྨང་གཞིའི་རིག་པའི་གཞུང་ལུགས་ཀྱི་ཆ་རྣམས་ཏེ་བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་དང་རྒྱུད་བཞིའི་ནང་དོན་ངོ་སྤྲོད། གསོ་རིག་གི་མདོ་དོན། གནས་ལུགས་ནད་གཞི། ངོས་འཛིན་རྟགས། གསོ་བྱེད་ཐབས་སོགས་ལ་སློབ་སྦྱོང་དང་། 《རྒྱུད་བཞི》རུ་མ་གསལ་བའི་གསོ་རིག་སེམས་ཁམས་རིག་པ་དང་། གསོ་རིག་སློབ་གསོ་རིག་པ། གསོ་རིག་གཏན་ཚིགས་རིག་པ་སོགས་ཀྱིས་ཁ་སྐོང་བར་འབད་ན་འབྲས་བུ་གཡུར་དུ་ཟ་བ་ལོན་པར་གདོན་མི་ཟ་ལ། དེ་དག་ཀྱང་མདོར་དྲིལ་ན་སུམ་རྟགས་དག་གསུམ་དང་མ་འབྲེལ་ཞིག་བཙལ་དུ་མེད་དོ།

    མདོར་ན། ཕྲན་གྱིས་བརྗོད་པའི་བོད་ལུགས་གསོ་རིག་སློབ་མས་སུམ་རྟགས་དག་གསུམ་སྦྱོང་དགོས་པའི་གལ་ཆེའི་རང་བཞིན་སྐོར་བཤད་པའི་མདོ་དོན་ནི། བོད་ཀྱི་རིག་གནས་ཆེ་ཆུང་བཅུ་ལ་འཇུག་མཁན་ཞིག་ཡིན་ན། ངེས་པར་དུ་སུམ་རྟགས་དག་གསུམ་ཤེས་དགོས་པའི་དགོས་གལ་རང་བཞིན་ལ་དམིགས་ཏེ། ཐོག་མར་སུམ་རྟགས་དག་གསུམ་ནི་བོད་ཀྱི་རིག་གནས་ཀྱི་རྩ་བ་ཡིན་པ་དང་། དེ་ནས་བོད་ལུགས་གསོ་རིག་སློབ་མས་སུམ་རྟགས་དག་གསུམ་སྦྱང་བའི་ཕན་ཡོན་དང་། མ་སྦྱང་བའི་ཉེས་སྐྱོན་གླེང་ཞོར། ཚུལ་ཇི་ལྟར་སྦྱངས་ན་སོ་སོར་རྔོ་ཐོགས་པའི་སྐོར་ལ། རང་ཉིད་ཀྱི་ལྟ་ཚུལ་དྲང་པོར་བརྗོད་པ་འདི་ཉིད་ལ། མ་རྟོགས་ལོག་རྟོག་གི་ཆ་ཡོད་ན་ཀུན་གྱིས་སྐྱོན་བརྗོད་དང་ཡོ་བསྲང་ཡོད་པར་ཞུ།

    (བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེ་མོ། སྐལ་བཟང་བསྟན་འཛིན)

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001395416421